ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

ལྷོ་ཀོ་རི་ཡའི་མི་འབོར་མ་འཕེལ་བ་དང་བྱང་ཀོ་རི་ཡའི་འཇིགས་སྐུལ་ཇེ་ཆེ།


བྱང་ཀོ་རི་ཡའི་དམག་དཔུང་གིས་མེ་ཤུགས་འཕུར་མདེལ།
བྱང་ཀོ་རི་ཡའི་དམག་དཔུང་གིས་མེ་ཤུགས་འཕུར་མདེལ།

༄༅།། ལྷོ་ཀོ་རི་ཡའི་མི་འབོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་དང་བྱང་ཀོ་རི་ཡའི་བཙན་འཛུལ་གྱི་ཉེན་ཁ་ཇེ་ཆེ། དེ་བཞིན་ཐེ་ཝན་མཚོ་འགག་ཏུ་དམག་འཁྲུག་ལངས་ན་ལྷོ་ཀོ་རི་ཡ་འཐབ་འཁྲུག་ནང་དུ་ཚུད་སྲིད་པའི་ཉེན་ཁ་ཆེན་པོ་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༢༦་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལྷོ་ཀོ་རི་ཡ་ནི་འཛམ་གླིང་འདིའི་དམག་གི་སྟོབས་ཤུགས་ཨང་༦་པ་ཡིན་ཞིང་། རྒྱལ་ཁབ་དེའི་དམག་དོན་འཐབ་ཇུས་དང་དམག་དོན་འཕྲུལ་རིག་ལག་རྩལ་ལ་འཛམ་གླིང་ཧྲིལ་པོ་ངོ་མཚར་སྐྱེས། ན་ནིང་ཕྱི་ཟླ་༤་པའི་ནང་ལྷོ་ཀོ་རི་ཡའི་སྲིད་འཛིན་ཡོན་སུག་ཡོལ་དང་ཨ་རིའི་སྲིད་འཛིན་ཇཱོ་བྷ་ཌན་གཉིས་ཀྱིས་ཕོ་བྲང་དཀར་པོར་ཀོ་རི་ཡའི་གླིང་ཟུར་དུ་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་འགོག་པའི་སྟོབས་ཤུགས་ཆེ་རུ་གཏོང་དགོས་པའི་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད། ཀོ་རི་ཡའི་གླིང་ཟུར་དུ་དམག་འཁྲུག་ལངས་ན་ཨ་མི་རི་ཀའི་རྡུལ་ཕྲན་མཚོན་ཆས་ལྷོ་ཀོ་རི་ཡའི་བདེ་འཇགས་ཀྱི་རྨང་གཞིའི་མཐུན་རྐྱེན་ཁག་ལ་སྲུང་སྐྱོབ་བྱ་རྒྱུའི་སྤྱི་བསྒྲགས་སྤེལ།།

༢༠༡༩་ལོར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཝི་ཏེ་ནམ་
༢༠༡༩་ལོར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཝི་ཏེ་ནམ་

༢༠༡༩་ལོར་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཉིས་ཝི་ཏེ་ནམ་གྱི་རྒྱལ་ས་ཧ་ནོ་ཡེ་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་བྱས་ཀྱང་ཕྱོགས་གཉིས་བར་དུ་ཕྱི་འབྲེལ་འཛུགས་མ་ཐུབ། ༢༠༢༠་ལོར་སྲིད་འཛིན་བྷ་ཌན་གྱིས་སྲིད་གཞུང་སྔོན་མའི་སྲིད་ཇུས་རྒྱུན་འཁྱོངས་མ་བྱས་པ་དང་བྱང་ཀོ་རི་ཡར་ཁ་ཡ་མ་བྱས་པར་བཞག དེར་བརྟེན་བྱང་ཀོ་རི་ཡས་འཕུར་མདེལ་དང་རྡུལ་ཕྲན་མཚོན་ཆ་ཡར་རྒྱས་བཏང་སྟེ་ཉི་ཧོང་དང་ལྷོ་ཀོ་རི་ཡར་སྡིགས་ར་བསྐུལ། རྒྱ་ནག་དང་ཨུ་རུ་སུར་འབྲེལ་བ་ཡར་རྒྱས་བཏང་ནས་ཨ་མི་རི་ཀར་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡོད་ཅིང་། བྱང་ཀོ་རི་ཡའི་རྒོལ་རྡུང་གི་ཉེན་ཁ་ཅི་ཙམ་ཆེ་རུ་ཕྱིན་ན་ལྷོ་ཀོ་རི་ཡ་དེ་ཙམ་གྱིས་ཨ་མི་རི་ཀར་མཉམ་འབྲེལ་བྱ་དགོས་ཤིང་། གལ་སྲིད་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་དམག་འཁྲུག་བསླངས་ཏེ་ཨ་མི་རི་ཀས་བར་འགོག་བྱ་དགོས་བྱུང་ཚེ། ལྷོ་ཀོ་རི་ཡ་ཨ་མི་རི་ཀའི་ཕྱོགས་སུ་ལངས་ནས་རྒྱ་ནག་ལ་ཁ་གཏད་གཅོག་དགོས་པས་རྒྱལ་ཁབ་དེར་དམག་མི་འདང་ངེས་མེད་པའི་དཀའ་ངལ་ཆེ་རུ་འགྲོ་སྲིད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་དམག་གྲུ་ཐེ་ཝན་མཚོ་འགག།
རྒྱ་ནག་གི་དམག་གྲུ་ཐེ་ཝན་མཚོ་འགག།

རྒྱ་ནག་གིས་དམག་བརྒྱབ་ནས་ཐེ་ཝན་མཚོ་འགག་དང་ལྷོ་རྒྱ་ནག་རྒྱ་མཚོའི་ནང་དུ་སྐྱེལ་འདྲེན་གྱི་མཚོ་ལམ་བཀག་ན་ལྷོ་ཀོ་རི་ཡའི་དཔལ་འབྱོར་དང་ཚོང་ལས་ལ་གྱོང་གུད་ཆེན་པོ་འཕོག་རྒྱུ་བརྗོད་ཅི་དགོས། ལྷོ་ཀོ་རི་ཡའི་དཔལ་འབྱོར་ཐོན་སྐྱེད་ཚོང་ལས་ལ་བརྟེན། རྒྱལ་ཁབ་དེའི་རྡོ་སྣུམ་དང་སོལ་རླངས་བརྒྱ་ཆ་༩༠་ལྷག་ཕྱི་ནས་ནང་འདྲེན་བྱེད་ཀྱི་ཡོད་པ་དང་དངོས་ཟོག་ནང་འདྲེན་གྱི་བརྒྱ་ཆ་༣༠་ཐམ་པ་རྡོ་སྣུམ་དང་སོལ་རླངས་ཁོ་ན་ཡིན་ཞིང་། ཐེ་ཝན་གྱི་སྲུང་སྐྱོབ་དོན་དུ་ཨ་མི་རི་ཀས་ལྷོ་ཀོ་རི་ཡར་འགྲེམ་འཇོག་བྱས་ཡོད་པའི་དམག་དཔུང་ཕྱིར་འཐེན་བྱ་སྲིད། ཨ་མི་རི་ཀའི་དམག་དཔུང་མེད་པར་ཀོ་རི་ཡའི་གླིང་ཟུར་གྱི་བདེ་འཇགས་དོ་མཉམ་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་དཀའ་བར་སྣང་། ད་དུང་བྱང་ཀོ་རི་ཡས་ཡུལ་དུས་ལ་ཚོད་རྩིས་བྱས་ནས་ལྷོ་ཀོ་རི་ཡར་བཙན་འཛུལ་བྱ་རྒྱུའི་ཉེན་ཀ་མེད་པ་མིན། ལྷོ་ཀོ་རི་ཡའི་དམག་གིས་ཐེ་ཝན་གྱི་ངེས་མེད་དོན་རྐྱེན་ཐད་གླེང་སློང་ཅི་ཡང་བྱས་མེད་ཀྱང་སྲིད་འཛིན་ཡོན་སུག་ཡོལ་ནས་རྒྱ་ནག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་གནས་བབ་སྒྱུར་ཐབས་བྱེད་བཞིན་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་བསྒྲགས།།

ལྷོ་ཀོ་རི་ཡའི་རྒྱལ་ནང་དུ་མི་འབོར་འཕེལ་རྒྱས་འགགས་ནས་དམག་གི་གྲངས་འབོར་མང་དུ་གཏོང་ཐུབ་ཀྱི་མེད་པར་མ་ཟད། དམག་གི་གླ་ཕོགས་དམའ་བ་དང་དམག་སྒར་ཁག་གི་མཐུན་རྐྱེན་ཞན་པ། ལྷོ་ཀོ་རི་ཡའི་དམག་གི་ལམ་སྲོལ་རྙིང་དྲགས་ཏེ་ན་གཞོན་ཚོ་དམག་ཁོངས་སུ་ཞུགས་རྒྱུར་སྤྲོ་བ་མི་འཕེལ། སྲིད་འཛིན་ཡོན་སུག་ཡོལ་གྱིས་དམག་ཁྲལ་བསྡུས་པ་ཚོར་ཟླ་བ་རེར་གླ་ཕོགས་ཨ་སྒོར་༡༥༠༠་རེ་སྤྲོད་ཆོག་ཅེས་ཁས་བླངས་ཀྱང་ཁས་ལེན་དེས་འགལ་ཟླ་གཞན་པ་སྣ་མང་ཞིག་བསླངས། དཔེར་ན་ལྷོ་ཀོ་རི་ཡའི་ལྡི་དཔོན་གཞོན་པ་དང་དམག་གི་ལས་བྱེད་པ་སོགས་གནས་རིམ་མཐོ་བ་རྣམས་ལ་ཟླ་བ་རེར་གླ་ཕོགས་ཨ་སྒོར་༡༣༠༠་ལས་མེད་པས་ན་གཞོན་ཚོ་དམག་ཁོངས་སུ་ཞུགས་རྒྱུའི་འདུན་པ་ཉམས། སྲིད་འཛིན་ཡོན་སུག་ཡོལ་གྱིས་༢༠༢༤་ལོར་ལྷོ་ཀོ་རི་ཡའི་ཆེད་ལས་དམག་ཕོགས་བརྒྱ་ཆ་༢.༥་སྤར་རྒྱུའི་ཐག་གཅོད་བྱས་ཀྱང་ཆེད་ལས་དམག་དཔུང་གི་ལས་ཀ་ལྕི་དྲགས་ཏེ་ན་གཞོན་མང་པོ་དམག་ཁོངས་སུ་ཡུན་རིང་སྡོད་འདོད་མེད་པར་གྱུར། ལྷོ་ཀོ་རི་ཡའི་སྤྱི་ཚོགས་སུ་དམག་དོན་སློབ་གླིང་ཁག་ལ་མཐོང་འཇོག་མེད་པའང་དཀའ་ངལ་འཐོལ་པ་ཞིག་ཡིན་པའི་གནས་ཚུལ་ཐོན་འདུག

ཕྱི་ཟླ་དང་པོའི་ཚེས་༢༤་ཉིན་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལྷོ་ཀོ་རི་ཡའི་མང་ཚོགས་ཀྱིས་བྱང་ཀོ་རི་ཡའི་འཇིགས་སྐུལ་ལ་དོ་སྣང་དེ་ཙམ་བྱེད་ཀྱི་མེད་ཀྱང་ཕ་མ་ཚོར་བློ་འཚབ་འབྱུང་གི་ཡོད་པ་སྟེ། ལྷོ་ཀོ་རི་ཡའི་སྐྱེས་པ་ཞིག་གིས་ང་ལ་མཚོན་ན་ལོ་འདི་དུས་རྒྱུན་དང་མ་འདྲ་བ་ཞིག་ཡིན། ངའི་བུ་ལོ་༡༩་ལ་སོན་ཡོད་པ་དང་ལོ་གསར་རྗེས་སུ་སློབ་ཆེན་གྱི་སློབ་སྦྱོང་མཚམས་བཞག་སྟེ་དམག་ཁྲལ་རྒྱག་ཏུ་བསྐྱོད་དགོས་ཞེས་བཀྲལ། དགུན་གྱི་གྲང་ངར་ཁྲོད་དུ་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྲོང་ཁྱེར་དུ་དམག་ཁྲལ་གྱི་མཛད་སྒོ་ཚོགས་པ་དེར་ཞུགས་པའི་ཕ་མ་ཚོར་བློ་འཚབ་ཆེན་པོ་ཡོད་པའི་རྣམ་པ་ཞིག་མངོན། མཛད་སྒོའི་རྗེས་སུ་ཕ་མ་ཁག་ཅིག་གིས་བུ་ལ་ལག་རྟགས་རེ་སྤྲད་ནས་མིག་ཆུ་གཏོང་བཞིན་གྱེས། མདུན་སའི་དམག་དཔུང་བཀོད་འདོམས་པ་ཞིག་གིས་དམག་མི་གསར་པ་ཚོར་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་བྱང་ཀོ་རི་ཡའི་རྒོལ་རྡུང་འགོག་རྒྱུ་ནི་ལྷོ་ཀོ་རི་ཡའི་སྐྱེས་པ་ཀུན་གྱི་བླ་མེད་ལས་འགན་ཡིན་ཞེས་སེམས་ཤུགས་སྤར།།

ཨ་མས་རང་གི་ཕྲུ་གུ་རྣམས་ལྷོ་ཀོ་རེ་ཡའི་གཞི་རིམ་སློབ་གྲྭ་ཞིག་གི་ར་བའི་ནང་དུ་འགྲོ་བར་བལྟས་ནས་བསྡད།
ཨ་མས་རང་གི་ཕྲུ་གུ་རྣམས་ལྷོ་ཀོ་རེ་ཡའི་གཞི་རིམ་སློབ་གྲྭ་ཞིག་གི་ར་བའི་ནང་དུ་འགྲོ་བར་བལྟས་ནས་བསྡད།

ལྷོ་ཀོ་རི་ཡའི་དམག་ཁྲལ་རྒྱུག་མཁན་ཚོར་བདུན་ཕྲག་ལྔའི་རིང་གཞི་རྩའི་དམག་སྦྱོང་སྤྲོད་ཀྱི་ཡོད་པ་དང་བྱང་ཀོ་རི་ཡའི་རྒོལ་རྡུང་གི་ཉེན་ཁ་ཆེ་རུ་ཕྱིན་ན་དམག་ཁྲལ་དང་དམག་སྦྱོང་གི་དུས་ཡུན་རིང་དུ་གཏོང་སྲིད། ལྷོ་ཀོ་རི་ཡའི་དམག་ཁྲལ་རྒྱུག་མཁན་ན་གཞོན་ཚོའི་ཕ་མ་ཁག་ཅིག་ས་མཚམས་ཀྱི་དམག་སྒར་ཁག་ཏུ་དམག་མི་གསར་པ་ཚོས་ཐུབ་ཚོད་དང་གཉའ་གནོན་མྱངས། ཕོ་གསར་ཁག་ཅིག་གིས་གདུག་རྩུབ་མ་བཟོད་པར་རང་སྲོག་བཅད་པའི་གནས་ཚུལ་འབྱུང་གི་ཡོད་པར་སེམས་ཁྲལ་ལངས། ལྷོ་ཀོ་རི་ཡའི་ཕ་མ་ཞིག་གིས་ང་ཚོའི་བུ་དམག་ཁོངས་སུ་མ་ཞུགས་པའི་སྔ་དགོང་དེར་ང་ལ་མི་ཞིག་ཕར་གསོད་དགོས་པ་དང་རང་སྲོག་གཅོད་དགོས་པ་གཉིས་ཀྱི་གདམ་ཀ་ལས་མེད་ན་ཅི་ཞིག་བྱ་དགོས་པ་རེད་ཅེས་དྲིས་བྱུང་། ང་ནི་བླ་ཁྱེར་བ་ལྟར་ཅི་བྱ་གཏོལ་མེད་དུ་གྱུར་པ་དང་དེ་འདྲ་ཞིག་ནམ་ཡང་མི་འབྱུང་བར་ཤོག་ཟེར་བ་ཡིན། སྟབས་ལེགས་པ་ཞིག་ལ་ཉིན་ཤས་རྗེས་སུ་བུས་ང་ལ་ཁ་པར་བཏང་སྟེ་ཉི་མ་དང་པོ་དེ་ཚོར་དམག་ཁོངས་སུ་དཀའ་ངལ་ཅི་ཡང་ཕྲད་མ་བྱུང་ཟེར་གྱི་འདུག་ཅེས་གསར་འགོད་པར་བཤད།།

ལྷོ་ཀོ་རི་ཡའི་དམག་ཁྲལ་ནི་ཚོར་སྐྱེན་རྣོ་བའི་སྤྱི་ཚོགས་ཀྱི་གནད་དོན་ཞིག་ཡིན་པ་དང་རྒྱལ་ཁབ་དེའི་རྩ་ཁྲིམས་སུ་ལོ་༡༨་ནས་༣༥་བར་གྱི་སྐྱེས་པ་ཚོ་ལོ་གཅིག་དང་ཕྱེད་ཀས་ནས་ལོ་གཉིས་ཡས་མས་རེར་དམག་ཁོངས་སུ་ཞུགས་ནས་སྲི་ཞུ་བསྒྲུབ་དགོས་ཞེས་འཁོད། ཐ་ན་ལྷོ་ཀོ་རི་ཡའི་གཞས་པ་གྲགས་ཅན་དང་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་ཚོས་ཀྱང་དམག་ཁྲལ་ལ་གཡོལ་ཐབས་མི་རྙེད། འཛམ་གླིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་དུས་སུ་གསེར་གྱི་རྟགས་མ་ལེན་མཁན་དང་འཛམ་གླིང་ལ་སྐད་གྲགས་ཁྱབ་པའི་སྒྲ་དབྱངས་རྩོམ་པ་པོ་སོགས་ལ་དམག་ཁྲལ་རྒྱུག་མི་དགོས་པའི་ཆག་ཡང་ཐོབ། སྐྱེས་པ་བྱིངས་རྣམས་དམག་ཁྲལ་རྒྱུག་དགོས་པ་དང་དམག་གི་སྲི་ཞུ་ནི་ལྷོ་ཀོ་རི་ཡའི་སྐྱེས་པ་རྣམས་ཀྱི་མི་ཚེའི་རྒྱུད་རིམ་ཞིག་ཏུ་གྱུར། མི་ཁག་ཅིག་གིས་དམག་ཁྲལ་བརྒྱུགས་ནས་སློབ་སྦྱོང་མཚམས་འཇོག་བྱ་དགོས་པ་དེས་དུས་ཚོད་ཆུད་ཟོས་སུ་གཏོང་གི་འདུག་ཅེས་བསམ་འཆར་བཤད། ལྷོ་ཀོ་རི་ཡའི་གཞུང་གིས་འཐབ་འཁྲུག་ལ་ཞུགས་ཆོག་ཆོག་གི་དམག་མི་འབུམ་༥་གྲ་སྒྲིག་བྱས་ནས་བཞག་ཡོད་པའི་གནས་ཚུལ་ཐོན་འདུག

ལྷོ་ཀོ་རི་ཡའི་དམག་དོན་གྱི་སྦྱོང་བརྡར།
ལྷོ་ཀོ་རི་ཡའི་དམག་དོན་གྱི་སྦྱོང་བརྡར།

ཕྱི་ཟླ་དང་པོའི་ཚེས་༢༦་ཉིན་ཨ་རིའི་དམག་དོན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལྷོ་ཀོ་རི་ཡའི་མཚོ་སྲུང་ཉེན་རྟོག་པ་དང་གནམ་དམག་གི་ཁ་ལོ་བ་མེད་པའི་འཕུར་གྲུ་རྣམས་དབྱིན་ལེ་༦་ནས་༧་ཡས་མས་རེར་འཕུར་ཐུབ་ཀྱི་འདུག ལྷོ་ཀོ་རི་ཡའི་རྒྱལ་སྲུང་བཟོ་ལས་ཁག་གིས་ལོ་༡༤་ལ་འཕུར་གྲུ་བཟོ་སྐྲུན་དང་ཚོད་ལྟ་བྱས་ནས་ལེགས་འགྲུབ་བྱུང་བ་རེད། ད་ལྟ་ལྷོ་ཀོ་རི་ཡས་ཁ་ལོ་བ་མེད་པའི་འཕུར་གྲུ་སྡེབ་བཟོ་བྱས་ནས་རྒྱལ་ཁབ་དེའི་འཐབ་རྒོལ་དང་གསང་བའི་གནས་ཚུལ་བསྡུ་རུབ། བྱང་ཀོ་རི་ཡར་ཁ་གཏད་གཅོག་པའི་སྟོབས་ཤུགས་ཆེ་རུ་གཏོང་གི་འདུག ལྷོ་ཀོ་རི་ཡའི་རྒྱལ་སྲུང་ལྷན་ཁང་གིས་བྱང་ཀོ་རི་ཡའི་ཉེན་ཁ་ཟློག་ཐུབ་པའི་མཚོན་ཆ་བཟོ་རྒྱུ་གཙིགས་སུ་འཛིན་གྱི་ཡོད་པ་དང་༢༠༢༢་ལོའི་ཕྱི་ཟླ་༡༢་པའི་ཚེས་༢༦་ཉིན་བྱང་ཀོ་རི་ཡའི་ཁ་ལོ་བ་མེད་པའི་འཕུར་གྲུ་ཁག་ཅིག་ས་མཚམས་བརྒལ་ནས་ལྷོ་ཀོ་རི་ཡའི་དབྱིངས་སུ་འཛུལ། ལྷོ་ཀོ་རི་ཡའི་བདེ་འཇགས་ལ་ཉེན་ཁ་ཕྲད་མེད་ཀྱང་དམག་གི་འཐད་འཕུར་གནམ་གྲུ་བཏང་ནས་གདོང་ལེན་བྱ་དགོས་བྱུང་བ་དང་འགྲུལ་སྐྱེལ་གནམ་གྲུ་སོགས་འཕུར་མཚམས་འཇོག་ཏུ་བཅུག་པ་རེད་ཅེས་གནས་ཚུལ་སྤེལ་འདུག

གླེང་སྟེགས།

XS
SM
MD
LG