ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༡༠/༠༥

ཀིམ་ཇོང་ཨུན་བདེ་པོ་མེད་པ་དང་བུ་མོ་ཀིམ་ཇུ་ཨེ་རྗེས་འཛིན་པར་སྐྱེད་སྲིང་།


བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་དང་བུ་མོ་ཀིམ་ཇུ་ཨེ་
བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་དང་བུ་མོ་ཀིམ་ཇུ་ཨེ་

༄༅།། ལྷོ་ཀོ་རི་ཡའི་གསང་བའི་ལས་ཁུངས་ནས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་བདེ་ཐང་མེད་པར་བུ་མོ་ཀིམ་ཇུ་ཨེ་(Kim Ju-ae)་རྗེས་འཛིན་པར་སྐྱེད་སྲིང་བྱེད་ཀྱི་ཡོད་པའི་གསར་འགྱུར་སྤེལ་འདུག ཕྱི་ཟླ་༧་པའི་ཚེས་༣༠་ཉིན་ཀོ་རི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་(Kim Jong-un)་གྱི་གཟུགས་པོའི་རིང་ཚད་ཧྥི་ཊི་༥་དང་ཨིན་ཆི་༧་ཡོད་པ་དང་ལྗིད་ཚད་རྒྱ་མ་༣༠༦་འདུག ཁོ་པས་ཆང་རག་མང་པོ་འཐུང་བ་དང་ཐ་མག་ཚད་མེད་འཐེན། ད་ལྟ་ཀིམ་ཇོང་ཨུན་ལོ་༤༠་ཡིན་པ་དང་ལོ་༣༠་སོ་གྲངས་ནས་ཁྲག་ཤེད་མཐོ་བ་དང་གཅིན་སྙིའི་ན་ཚ་ཕོག ཁོ་པའི་མེས་པོ་དང་ཨ་ཕ་གཉིས་ཀ་སྙིང་རྩ་འགགས་ནས་གྲོངས། ཉེ་དུས་ཤིག་ནས་ཀིམ་ཇོང་ཨུན་ལ་སྨན་རིགས་གསར་པ་ཞིག་འཚོལ་གྱི་འདུག ཁོ་པས་བསྟེན་གྱི་ཡོད་པའི་སྨན་དེ་དག་གིས་ཕན་གྱི་མེད་པར་སྣང་། ཀིམ་གྱི་སྙིང་རྩ་འགགས་ནས་གློ་བུར་དུ་འཆི་རྒྱུའི་ཉེན་ཁ་ཆེ་ཞེས་རྒྱལ་ཡོངས་གྲོས་ཚོགས་ཀྱི་གསང་བའི་ལས་དོན་ཚོགས་ཆུང་ལ་སྙན་སེང་ཞུས།།

ལྷོ་ཀོ་རི་ཡའི་མི་དམངས་སྟོབས་ཤུགས་ཚོགས་པའི་གྲོས་ཚོགས་འཐུས་མི་ལི་སུང་ཀོན་(Lee Seong-Kweun)་དང་ཕྱོགས་འགལ་དམངས་གཙོ་ཚོགས་པའི་འཐུས་མི་པག་སུན་ཝན་(Park Sun-won)་གཉིས་ཀས་བྱང་ཀོ་རི་ཡའི་གཞུང་གིས་ཐ་མའི་ཐག་གཅོད་བྱས་མེད་ཀྱང་ཀིམ་ཇུ་ཨེ་ཨ་ཕའི་རྗེས་འཛིན་པར་འགྱུར་རྒྱུའི་རྟགས་མཚན་ཞིག་མངོན། འདས་པའི་ལོ་ཤས་ནང་དུ་ཀིམ་ཇུ་ཨེ་མཛད་སྒོ་ཁག་ལ་ཞུགས་པའི་བརྒྱ་ཆ་༦༠་ཡས་མས་ཤིག་དམག་དོན་གཟིགས་ཞིབ་དང་དཔལ་འབྱོར་ལས་དོན་གྱི་གཟིགས་ཞིབ་ཁག་རེད། བྱང་ཀོ་རི་ཡའི་གཞུང་གིས་གཟིགས་ཞིབ་དེ་ཚོར་ལམ་སྟོན་སྒྲོན་མེ་ཞེས་མིང་བཏགས། ལམ་སྟོན་སྒྲོན་མེ་ནི་དམར་ཤོག་གི་འཐབ་རྩོད་དང་གསར་བརྗེའི་འགོ་ཁྲིད་ཚོར་གསོལ་བའི་མཚན་གནས་ཤིག་རེད། དེས་ན་ཀིམ་ཇུ་ཨེ་མ་འོངས་པའི་བྱང་ཀོ་རི་ཡའི་འགོ་ཁྲིད་ལ་འགྱུར་སྲིད་པའི་རྣམ་པ་འདུག་ཅེས་བཀྲལ།།

༢༠༡༣་ལོར་ཨ་རིའི་ལག་གྲུག་རྩེད་འགྲན་པ་གྲགས་ཅན་ཌེ་ཎི་སི་རོ་ཌི་མན་
༢༠༡༣་ལོར་ཨ་རིའི་ལག་གྲུག་རྩེད་འགྲན་པ་གྲགས་ཅན་ཌེ་ཎི་སི་རོ་ཌི་མན་

ཕྱི་ཟླ་༧་པའི་ཚེས་༢༩་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། བྱང་ཀོ་རི་ཡའི་གཞུང་གིས་ཀིམ་ཇོང་ཨུན་གྱི་བུ་མོ་ཀིམ་ཇུ་ཨེའི་སྐྱེས་ལོ་སོགས་གསང་བ་དམ་པོ་བྱས། ༢༠༡༣་ལོར་ཨ་རིའི་ལག་གྲུག་རྩེད་འགྲན་པ་གྲགས་ཅན་ཌེ་ཎི་སི་རོ་ཌི་མན་(Dennis Rodman)་བྱང་ཀོ་རི་ཡར་ཕྱིན་པའི་སྐབས་དེར་ཀིམ་ཇོང་ཨུན་གྱི་བུ་མོ་མར་འབྱར་དེ་མཐོང་བྱུང་ཞེས་ཕྱི་རུ་བསྒྲགས། ཀིམ་ཇོང་ཨུན་གྱིས་ཨ་རིའི་རྒྱལ་ཡོངས་ལག་གྲུག་རྩེད་འགྲན་པ་རོ་ཌི་མན་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཏུ་རྩི་བཞིན་ཡོད་ཅིང་། ༢༠༢༢་ལོའི་ཕྱི་ཟླ་༡༡་པའི་ནང་དུ་བྱང་ཀོ་རི་ཡས་རྒྱང་སྙོབ་འཕུར་མདེལ་ཚོད་ལྟ་བྱས་པའི་སྐབས་སུ་ཀིམ་ཇོང་ཨུན་གྱིས་བུ་མོ་ཀིམ་ཇུ་ཨེ་མཉམ་དུ་ཁྲིད་ཡོང་ནས་མང་ཚོགས་ཀྱིས་ཐེངས་དང་པོར་མཐོང་ཐོས་བྱུང་། དེ་ནས་བཟུང་སྟེ་བུ་མོ་ཀིམ་ཇུ་ཨེ་བྱང་ཀོ་རི་ཡའི་ཚོགས་འདུ་གལ་ཆེ་ཁག་དང་དུས་སྟོན་ཆེ་ཁག་ལ་ཞུགས་རྒྱུ་འགོ་ཚུགས།།

ལྷོ་ཀོ་རི་ཡའི་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཚོས་ཀིམ་ཇོང་ཨུན་དང་ཆུང་མ་རི་སོལ་ཇུ་གཉིས་ལ་ཕྲུ་གུ་༣་ཡོད་ས་རེད། ཕྲུ་གུ་གཞན་པ་གཉིས་ཕོ་མོ་ཅི་ཡིན་ཤེས་ཀྱི་མི་འདུག ཀིམ་ཇུ་ཨེ་མཐའ་གཅིག་ཏུ་ཀིམ་ཇོང་ཨུན་གྱི་རྗེས་འཛིན་པར་ངེས་གཏན་བྱས་པ་རེད་ཅེས་ཁ་ཚོན་གཅོད་དཀའ། བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཀིམ་ཇོང་ཨུན་ལ་ལོ་༣༦་ཅན་གྱི་གཅུང་མོ་ཀིམ་ཡོ་ཇོང་ཞེས་པ་ཞིག་ཡོད་པ་དང་མོ་ལ་གནད་འགག་ཆེ་བའི་གོ་གནས་སྤྲད། ༢༠༡༨་ལོར་ལྷོ་ཀོ་རི་ཡར་དགུན་དུས་ཀྱི་ཨོ་ལིམ་ཕིཀ་རྩེད་འགྲན་ཚོགས་པའི་དུས་སུ་ཀིམ་ཡོ་ཇོང་གིས་བྱང་ཀོ་རི་ཡའི་རྩེད་འགྲན་རུ་ཁག་གི་སྣེ་ཁྲིད་ནས་ལྷོ་ཀོ་རི་ཡར་བསླེབས། ལྷོ་ཀོ་རི་ཡའི་སྲིད་འཛིན་དང་མཐོ་རིམ་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱུང་། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་གཉིས་ཐུག་འཕྲད་སྔ་རྗེས་ཐེངས་གཉིས་བྱས་སྐབས་དེར་ཀིམ་ཡོ་ཇོང་མཉམ་དུ་ལྷགས། ཁོ་མོ་བྱང་ཀོ་རི་ཡའི་དབང་ཐང་ཅན་གྱི་མཐོ་རིམ་འགོ་ཁྲིད་གྲས་སུ་ཚུད་ཡོད་པའི་གནས་ཚུལ་སྤེལ་འདུག

༡༩༩༤་ལོར་བྱང་ཀོ་རི་ཡའི་དམར་ཤོག་རྒྱལ་ཁབ་འཛུགས་མཁན་ཀིམ་མིལ་སུང་སྙིང་རྩ་འགགས་ནས་གྲོངས། ཀིམ་མིལ་སུང་གི་བུ་ཀིམ་ཇོང་ཨིལ་བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་དུ་བསྐོས།
༡༩༩༤་ལོར་བྱང་ཀོ་རི་ཡའི་དམར་ཤོག་རྒྱལ་ཁབ་འཛུགས་མཁན་ཀིམ་མིལ་སུང་སྙིང་རྩ་འགགས་ནས་གྲོངས། ཀིམ་མིལ་སུང་གི་བུ་ཀིམ་ཇོང་ཨིལ་བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་དུ་བསྐོས།

གལ་སྲིད་ཀིམ་ཇུ་ཨེ་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་གྱི་རྗེས་འཛིན་པར་གྱུར་ཚེ། བྱང་ཀོ་རི་ཡར་ཀིམ་ཚང་གི་མི་རབས་༤་པས་དབང་བསྒྱུར་བྱ་རྒྱུ་འགོ་ཚུགས་རྒྱུ་ཡིན་ཞིང་། ༡༩༩༤་ལོར་བྱང་ཀོ་རི་ཡའི་དམར་ཤོག་རྒྱལ་ཁབ་འཛུགས་མཁན་ཀིམ་མིལ་སུང་སྙིང་རྩ་འགགས་ནས་གྲོངས། ཀིམ་མིལ་སུང་གི་བུ་ཀིམ་ཇོང་ཨིལ་བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་དུ་བསྐོས། ༢༠༡༡་ལོར་ཀིམ་ཇོང་ཨིལ་གྱི་སྙིང་རྩ་འགགས་ནས་གྲོངས་པ་དང་ཀིམ་ཇོང་ཨུན་བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་དུ་གྱུར་ཏེ་ཀིམ་ཚང་གི་སྲིད་དབང་རྒྱུན་བསྐྱངས། ཀིམ་ཇོང་ཨུན་ལ་ཨ་མ་མི་གཅིག་པའི་གཅེན་པོ་ཀིམ་ཇོང་ནམ་ཞེས་པ་ཞིག་ཡོད་ཀྱང་༢༠༠༣་ལོར་རྒྱང་ཕུད་བཏང་སྟེ་རྒྱ་ནག་ཏུ་སོང་། ༢༠༡༧་ལོར་བྱང་ཀོ་རི་ཡའི་གསང་ཉུལ་ཚོས་མ་ལེ་ཤི་ཡའི་རྒྱལ་ས་ཀོ་ལ་ལན་པུར་རྒྱལ་སྤྱིའི་གནམ་ཐང་དུ་མ་ལེ་ཤི་ཡའི་ན་གཞོན་པ་གཉིས་གློས་ནས་ཀིམ་ཇོང་ནམ་གྱི་གདོང་ལ་དུག་བྱུག་ཏུ་བཅུག་སྟེ་བསད།།

༢༠༢༣་ལོའི་ཕྱི་ཟླ་༣་པའི་ཚེས་༢༡་ཉིན་གཟའ་འཁོར་གསར་འགྱུར་དུས་དེབ་ལ་གནས་ཚུལ་ཐོན་པ་ལྟར་ན། ༡༩༩༦་ལོར་ལྷོ་ཀོ་རི་ཡར་མགོ་བཏགས་ཞུས་པའི་བྱང་ཀོ་རི་ཡའི་དམར་ཤོག་འགོ་ཁྲིད་ཀིམ་མིལ་སུང་གི་ཧྥ་ཡིག་སྐད་སྒྱུར་སྟེ། ལོ་ན་༦༩་ལ་སོན་པའི་ཀོ་ཡུང་ཧྭན་(Ko Young Hwan)་གྱིས་བྱང་ཀོ་རི་ཡའི་གཞུང་ནས་བུ་མོ་ཀིམ་ཇུ་ཨེ་ཕྱི་ལ་བསྟན་པ་དང་ཤིན་ཏུ་གཅེས་པའི་བུ་མོ་ཞིག་མཚན་གནས་གསོལ་བ་ནི་མ་འོངས་པའི་འགོ་ཁྲིད་དུ་འགྱུར་རྒྱུའི་བརྡ་ཞིག་བཏང་བར་མ་ཟད། ཀིམ་ཇོང་ཨུན་ནི་རང་གི་བུ་མོར་བརྩེ་འདང་ཆེན་པོ་ཡོད་པའི་ཨ་ཕ་ཞིག་ཡིན། བྱང་ཀོ་རི་ཡའི་སྲིད་དབང་ཀིམ་ཚང་གི་མི་རབས་༤་པར་རྩིས་སྤྲོད་བྱ་རྒྱུའི་རྣམ་འགྱུར་བསྟན་པ་ཡིན་ཤས་ཆེ། ད་ལྟའི་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་༢༠༡༠་ལོར་ཨ་ཕ་ཀིམ་ཇོང་ཨིལ་མ་གྲོངས་པའི་ལོ་གཅིག་གི་སྔོན་དེར་མང་ཚོགས་ལ་བསྟན་པ་རེད་ཅེས་བཤད་འདུག

ཉམས་ཞིབ་པ་ཚོས་ཀིམ་ཇོང་ཨུན་གློ་བུར་དུ་གྲོངས་པ་དང་བུ་མོ་ཀིམ་ཇུ་ཨེའི་སྲིད་དབང་བརྟན་པོ་ཞིག་ཚུགས་མ་ཐུབ་ཚེ། ཀིམ་ཇོང་ཨུན་གྱི་ཆུང་མ་རི་སོལ་ཇུ་དང་བུ་མོ་ཀིམ་ཇུ་ཨེ། གཅུང་མོ་ཀིམ་ཡོ་ཇོང་གསུམ་གྱིས་སྲིད་དབང་བརྩད་ནས་འཐབ་རྩོད་བྱ་རྒྱུ་ལྡོག་ཏུ་མེད་ཟེར། ཀིམ་ཡོ་ཇོང་བྱང་ཀོ་རི་ཡའི་ངལ་རྩོལ་ཚོགས་པའི་དྲིལ་བསྒྲགས་དང་དགག་རྒྱག་ལྷན་ཁང་གི་འགན་འཛིན་གཞོན་པར་བསྐོས་ནས་གོ་གནས་འཕར། བྱང་ཀོ་རི་ཡའི་ཕྱི་འབྲེལ་མི་སྣ་ཟུར་པ་ཀོ་ཡུན་ཧྭན་གྱིས་བུ་མོ་ཀིམ་ཇུ་ཨེ་མཛད་སྒོ་ཁག་ཏུ་ཞུགས་ཀྱི་ཡོད་པ་ནི་ཀིམ་ཡོ་ཇོང་ཟུར་དུ་ཕུད་པའི་རྟགས་མཚན་རེད། ཡིན་ནའང་ཀིམ་ཡོ་ཇོང་གིས་སྲིད་དབང་མ་བརྩད་པར་ཁ་རོག་ཏུ་ནམ་ཡང་འདུག་མི་སྲིད། བྱང་ཀོ་རི་ཡའི་དམར་ཤོག་སྲིད་གཞུང་གི་ནང་ཁུལ་དུ་ཤོག་ཁག་ཆད་ནས་མ་འོངས་པར་བུད་མེད་གསུམ་གྱིས་སྲིད་དབང་དོན་དུ་ཁྱོད་ཤི་ང་གསོན་གྱི་འཐབ་རྩོད་བྱ་རྒྱུ་ཉག་གཅིག་རེད་ཅེས་བརྗོད།།

ཉམས་ཞིབ་པ་ཚོས་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་གྱི་གཅུང་མོ་ཀིམ་ཡོ་ཇོང་ཅི་ཙམ་དབང་ཐང་རྒྱས་ན་ཀིམ་ཇོང་ཨུན་གྱི་ཆུང་མ་རི་སོལ་ཇུ་ལ་ཕྲུ་གུ་རྣམས་ན་ལག་མ་རྒྱས་པའི་བློ་འཚབ་ཆེན་པོ་ཡོད་ངེས་རེད། བྱང་ཀོ་རི་ཡའི་སྲིད་དབང་འཐབ་རྩོད་དེ་ཀིམ་ཡོ་ཇོང་དང་རི་སོལ་ཇུ་གཉིས་ཀྱིས་མགོ་བརྩམས་པ་འདྲ། དེ་བཞིན་བྱང་ཀོ་རི་ཡའི་ངལ་རྩོལ་ཚོགས་པའི་རྩ་འཛུགས་དྲུང་ཆེ་ཇཱོ་ཡུང་ཝོན་དང་ཀིམ་ཡོ་ཇོང་གཉིས་ལའང་འགལ་ཟླ་བྱུང་། མ་འོངས་པའི་ཟླ་ཤས་ནང་དུ་བྱང་ཀོ་རི་ཡའི་ཆབ་སྲིད་དང་འགོ་ཁྲིད་ལ་འཕོ་འགྱུར་ཆེན་པོ་ཞིག་ཐེབས་སྲིད། ལྷོ་ཀོ་རི་ཡ་དང་ཉི་ཧོང་། ཨ་རི་བཅས་ཀྱིས་གནས་སྐབས་རིང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་རྩོད་གཞི་ཟུར་དུ་བཞག འགྲོ་བ་མིའི་ཐོབ་ཐང་དང་དཔལ་འབྱོར་ཐད་གྲོས་མོལ་བྱས་ན་བྱང་ཀོ་རི་ཡར་འགྱུར་བ་གཏོང་ཐུབ་པའི་གོ་སྐབས་འདུག་ཅེས་བཤད་དོ།།

གླེང་སྟེགས།

XS
SM
MD
LG