ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

གྲོས་ཚོགས་ཚོགས་དུས་དྲུག་པ་དུས་ཚོད་ངེས་མེད་ཕར་འགྱངས།


བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་ལས་ཁུངས་ནས་ཕྱི་ཟླ་ ༩ ཚེས་ ༢༨ ཉིན་སྤྱི་འཐུས་སོ་སོར་བཏང་གནས་ནང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཞེ་དགུ་པའི་ནང་གསེས་ ༢ པར། སྤྱི་འཐུས་ཉུང་མཐའི་གྲངས་ཚད་མ་ལོངས་པར་ཚོགས་འདུ་ཉིན་གྲངས་བདུན་ལྷག་འཕར་འགྱངས་བྱེད་དགོས་བྱུང་ན་ཚོགས་གཙོ་སྦྲེལ་པོས་ཚོགས་འདུ་འཕར་འགྱངས་ཀྱི་ཐག་གཅོད་བྱ་རྒྱུ་ཞེས་གསལ་བ་བཞིན། སྐབས་ ༡༧ བོད་མི་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ མུ་མཐུད་བསྐྱང་རྒྱུར་སྤྱི་འཐུས་ཉུང་མཐའི་གྲངས་ཚད་ལོངས་མིན་དབང་གིས་རེ་ཞིག་ཚོགས་འདུ་འཕར་འགྱངས་བྱ་རྒྱུ་དང་། ཚོགས་དུས་འདིའི་ལས་དོན་ལྷག་མ་རྣམས་མུ་མཐུད་བསྐྱང་རྒྱུའི་དུས་ཚོད་གཏན་འཁེལ་བྱུང་མཚམས་འབྲེལ་ལམ་ཞུ་རྒྱུ་ལགས་ན་ཚོགས་མི་རྣམས་དུས་ཐོག་ཚོགས་བཅར་གནང་དགོས་ཞེས་འཁོད་གནང་འདུག

གནད་དོན་འདི་དང་འབྲེལ་ནས་གསར་འགོད་པས་སྤྱི་འཐུས་ལྷན་ཁང་གི་མདུན་དུ་ཆུ་ཚོད་དྲུག་ཙམ་སྒུག་སྡོད་ཀྱིས་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་བརྒྱུད་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་རྣམ་གཉིས་ལ་བཅར་འདྲི་ཐུ་ཐབས་ལན་མང་ཞུས་ཀྱང་དང་ལེན་མ་གནང་བར། ཕྱི་དྲོའི་ཆུ་ཚོད་གསུམ་དང་ཕྱེད་ཀ་ཡོལ་ཙམ་ལ་ཚོགས་གཙོ་སྦྲེལ་པོས་ཡིག་ཐོག་གསལ་བསྒྲགས་གནང་རྒྱུ་དེ་ལས་སྤྲོས་པའི་གསར་འགོད་པར་བཅར་འདྲི་དང་ལེན་གནང་རྒྱུ་མིན་པའི་བརྡ་ལན་འབྱོར་བྱུང་། དེ་ཙམ་མ་ཟད་སྤྱི་འཐུས་རྒྱུན་ལས་གཙོས་པའི་སྤྱི་འཐུས་རྣམ་པ་མང་པོ་ཞིག་ལ་གྲོས་ཚོགས་མུ་མཐུད་འཚོག་ཐུབ་མིན་དང་འབྲེལ་བའི་སྐོར་བཅར་འདྲི་ཞུས་ཀྱང་དང་ལེན་གནང་མཁན་སུ་ཅིག་ཀྱང་བྱུང་མ་སོང་།

དེ་ཡང་གྲོས་ཚོགས་ཚོགས་དུས་འདིའི་ལས་ཉིན་དང་པོའི་ཚོགས་ཐུན་གསུམ་པའི་སྐབས་སྤྱི་འཐུས་ཞིག་ལ་རྒྱ་ནག་གཞུང་ཚབ་ཀྱི་མི་སྣ་དང་ཐུག་འཕྲད་བྱུང་མིན་གྱི་གནད་དོན་དང་འབྲེལ་བའི་ཐད་ལ་སྤྱི་འཐུས་ཁག་ཅིག་ནས་གནད་དོན་འདི་བདེ་སྲུང་ལས་ཁུངས་ནས་གཙང་མ་མ་བཟོས་བར་དུ་ཚོགས་བཅར་གནང་རྒྱུ་མིན་པ་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོར་སྙན་སེང་ཞུས་ཡོད་པར་བརྟེན། སྤྱི་འཐུས་ཚོགས་གཙོ་མཆོག་གིས་བཅའ་ཁྲིམས་དོན་ཚན་ ༤༩ དགོངས་དོན་སྤྱི་འཐུས་ལྷན་ཚོགས་ཀྱི་དགོས་ངེས་གྲུབ་ཆ་མ་ལོངས་བར་ཚོགས་འདུ་ཚོགས་ཐུབ་ཀྱི་མེད་པའི་གསལ་བསྒྲགས་གནང་ཡོད་པ་རེད།

གཞི་རྩའི་ཚོགས་དྲུང་ལས་ཁུངས་ནས་སྐབས་ ༡༧ བོད་མི་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༦ པའི་ཚོགས་བརྡ་བཏང་གནང་བ་གཞིར་བཟུང་། ཟླ་བ་འདིའི་ཚེས་ ༡༩ ནས་ ༢༨ བར་ཚོགས་གཏན་འཁེལ་ཏེ། ལས་ཉིན་གསུམ་ཚོགས་ཐུབ་པ་བྱུང་ཡོད་པ་དང་། ལས་ཉིན་དེ་དག་ནང་གཙོ་བོ་ཚོགས་གཙོའི་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་དང་། ཚོགས་གཙོའི་ལས་ཚབ། ལས་རིམ་ཚོགས་ཆུང་གི་ཚོགས་མི་བསྐོ་གཞག གཞུང་འབྲེལ་རྗེས་དྲན་དང་མྱ་ངན་གུད་འདུད་ཀྱི་གྲོས་འཆར་ཁག བོད་ནང་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་དང་བགྲོ་གླེང་། ལས་བསྡོམས་སྙན་སྒྲོན་དང་ཞིབ་བཤེར་ལས་དོན་སྐབས་ཆོས་རིག་ལས་ཁུངས་ཁྱབ་ཁོངས་དང་བཅས་པའི་ཕྱི་ལོ་ ༢༠༢༢ དང་ ༢༣ ལོའི་ལས་བསྡོམས་སྙན་སྒྲོན་བཅས་གྲུབ་ཡོད་ཀྱང་། ད་ལྟའི་ཆར་ཚོགས་དྲུང་ལས་ཁུངས་ཀྱི་རག་ཟིན་ལས་རིམ་ནང་གསལ་ཆོས་རིག་ལས་ཁུངས་ཀྱི་ལས་བསྡོམས་ཕུད་པའི་ལྷན་ཁང་གཞན་ཁག་གི་ལས་བསྡོམས་སྙན་སྒྲོན་དང་ཞིབ་བཤེར་ལས་དོན་ཁག་མུ་མཐུད་མཇུག་སྐྱོང་གནང་མ་ཐུབ་པར་ལུས་ཡོད་ཅིང་། ཚོགས་གཙོ་སྦྲེལ་པོས་གྲོས་ཚོགས་ཚོགས་དུས་དྲུག་པ་གནས་སྐབས་འཕར་འགྱང་གི་ཐག་གཅོ་ད་གསལ་བསྒྲགས་གནང་འདུག

XS
SM
MD
LG