ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཐེ་ལན་ཌིའི་གཞུང་གིས་ཡུ་གུར་བ་ཁག་ཅིག་རྒྱ་ནག་ལ་རྩིས་སྤྲོད་བྱས་པར་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཁ་རྡུང་བཏང་འདུག
གཟའ་ཕུར་བུ། ༢༠༢༥/༠༤/༡༠

ཐེ་ལན་ཌིའི་གཞུང་གིས་ཡུ་གུར་བ་ཁག་ཅིག་རྒྱ་ནག་ལ་རྩིས་སྤྲོད་བྱས་པར་ཨ་རིའི་ཕྱི་སྲིད་དྲུང་ཆེས་ཁ་རྡུང་བཏང་འདུག


ཕྱི་ལོགས་སུ་གནས་འཁོད་ཡུ་གུར་བའི་ལས་འགུལ།
ཕྱི་ལོགས་སུ་གནས་འཁོད་ཡུ་གུར་བའི་ལས་འགུལ།

༄༅།། ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཐེ་ལན་ཌིའི་གཞུང་གིས་ཡུ་གུར་བ་ཁག་ཅིག་རྒྱ་ནག་ལ་རྩིས་སྤྲོད་བྱས་པར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཡོས་ཁ་རྡུང་དྲག་པོ་བཏང་ཡོད་ཅིང་། ཕྱི་ཟླ་༢་པའི་ཚེས་༢༧་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་བ་ན། ཐེ་ལན་ཌིའི་གཞུང་གིས་ཡུ་གུར་བ་༤༠་ཐམ་པ་རྒྱ་ནག་ལ་ཕྱིར་སློག་བྱས་པར་ང་ཚོས་ཁ་རྡུང་དྲག་པོ་གཏོང་གི་ཡོད། ཡུ་གུར་བ་དེ་ཚོར་རང་ཡུལ་དུ་ཐོབ་ཐང་ཅི་ཡང་མེད་པར་གཉའ་གནོན་དང་མནར་གཅོད་འཕོག་རྒྱུ་ལྡོག་ཏུ་མེད། ཁོ་ཚོ་ངལ་རྩོལ་བཙན་སྐུལ་བྱ་རྒྱུ་ཡིན་པ་ཉག་གཅིག་རེད། ཐེ་ལན་ཌི་ནི་ཨ་རིའི་ཡུན་རིང་གི་མཐུན་གྲོགས་ཤིག་ཡིན་པས་སྤྱོད་པ་འདི་འདྲ་ཞིག་བསྟན་པར་བློ་ཕམ་ཆེ། དེ་ནི་མི་སྣ་ལྐོག་ཁྲིད་བཀག་སྡོམ་གྱི་རྒྱལ་སྤྱིའི་ཁྲིམས་ལ་མིང་རྟགས་བཀོད་པའི་རྒྱལ་ཁབ་ཅིག་གི་ལས་འགན་འཐུས་ཤོར་བྱུང་བ་རེད། ཡུ་གུར་བ་ཚོ་རྩིས་སྤྲོད་བྱས་པ་ནི་ཐེ་ཝན་ཌིས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་དང་ཉེན་ཁའི་གནས་སུ་ལྷུང་བའི་མི་རྣམས་སྐྱོབ་དགོས་པའི་རྩ་དོན་ལ་རྒྱབ་འགལ་བྱུང་བ་རེད་ཅེས་བསྟན།།

ཕྱི་སྲིད་དྲུང་ཆེ་རུ་བྷི་ཡོས་རྒྱལ་ཁབ་གང་དུ་ཡུ་གུར་བ་ཚོ་བཙན་བྱོལ་དུ་བསླེབས་ན་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་ཕྱིར་སློག་མི་བྱེད་པའི་ནན་སྐུལ་ཞུ་རྒྱུ་ཡིན། རྒྱ་ནག་དམར་ཤོག་ཚོགས་པའི་བཀོད་འདོམས་ལྟར་ཞིན་ཅང་ལ་མི་རིགས་གཙང་སེལ་དང་ཁ་ཆེ་གྲངས་ཉུང་མི་རིགས་ཁག་དམིགས་འབེན་དུ་བཟུང་ནས་གདུག་རྩུབ་བཀོལ། ང་ཚོས་རྒྱ་ནག་གཞུང་ལ་ཡུ་གུར་བ་དེ་དག་གི་བདེ་འཇགས་ལ་ཉེན་ཁ་མེད་པ་དང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱ་དགོས་པའི་ནན་བརྗོད་བྱེད་ཀྱི་ཡོད། ཐེ་ལན་ཌིའི་གཞུང་གིས་ཀྱང་རྒྱ་ནག་ལ་རྩིས་སྤྲོད་བྱས་པའི་ཡུ་གུར་བ་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་འཕོག་གི་མེད་པའི་ཁག་ཐེག་བྱ་དགོས་ཞེས་གསར་འགོད་གསལ་བསྒྲགས་སྤེལ། ཐེ་ལན་ཌིའི་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གི་འབོད་སྐུལ་ལ་ཉན་འཇོག་མ་བྱས་པར་ཡུ་གུར་བ་དེ་རྣམས་རྒྱ་ནག་ལ་བསློགས།།

ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཡོ།
ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཡོ།

ཕྱི་ཟླ་༢་པའི་ཚེས་༢༧་ཉིན་ནེའུ་ཡོཀ་དུས་བབ་ཚོགསར་པར་ལ་གསར་འགྱུར་ཐོན་པ་ལྟར་ན། ཡུ་གུར་བ་དེ་རྣམས་ཐེ་ལན་ཌིའི་ས་ཐོག་ཏུ་ལོ་བཅུ་ལྷག་ལ་གནས་སྡོད་བྱས་ཀྱང་ཁ་སང་གཟའ་ཕུར་བུའི་ཉིན་རྒྱ་ནག་ལ་ཕྱིར་སློག་བྱས་ཤིང་། ཐེ་ལན་ཌི་ནས་ཕྱིར་ཕུད་བྱས་པའི་ཡུ་གུར་བ་དེ་རྣམས་རང་ཡུལ་དུ་འབྱོར་བའི་རྗེས་སུ་རྒྱ་ནག་གཞུང་ནས་ལོ་མང་གི་བཙོན་འཇུག་ཁྲིམས་ཐག་གཅོད་སྲིད་པ་དང་ཚེ་བཙོན། ཡུ་གུར་བ་དེ་ཚོར་འདྲི་གཅོད་བྱས་ནས་མནར་གཅོད་གཏོང་སྲིད་པའི་ཉེན་ཁ་ཆེ། ཐེ་ལན་ཌིའི་གཞུང་གིས་ཡུ་གུར་བ་དེ་རྣམས་ཕྱིར་སློག་བྱས་པ་རྒྱ་ནག་ལ་མཚོན་ན་རྒྱལ་ཁ་ཞིག་དང་ལྷོ་ཤར་ཨེ་ཤི་ཡར་རྒྱ་ནག་གི་ཤུགས་རྐྱེན་ཁྱབ་ཀྱི་ཡོད་པ་མཚོན་ཐུབ། ཨ་མི་རི་ཀར་མཚོན་ན་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་དོ་སྣང་བྱེད་ཀྱི་མེད་པ་དང་ཨ་རིའི་ཤུགས་རྐྱེན་ཉམས་ཀྱི་ཡོད་པའི་རྟགས་མཚན་རེད་ཅེས་གསར་འགྱུར་སྤེལ་འདུག

ཉེ་ཆར་བདུན་ཕྲག་གསུམ་གྱི་སྔོན་དུ་ཐེ་ལན་ཌིའི་སྲིད་བློན་པེ་ཏུང་ཊར་ཤི་ན་ཝ་ཏྲ་(Paetongtarn Shinawatra)་རྒྱ་ནག་ལ་འཚམས་འདྲིར་བསྐྱོད། ཁོ་མོས་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་ལ་ཐུག་འཕྲད་བྱས་ནས་མེ་འཁོར་ལྕགས་ལམ་འབྲེལ་མཐུད་དང་ཐེ་ལན་ཌིར་རྒྱ་ནག་གི་ཡུལ་སྐོར་སྤྲོ་འཆམ་པ་མང་དུ་གཏོང་ཐབས་བཅས་ལ་གྲོས་སྡུར་བྱུང་། ཐེ་ལན་ཌིའི་ཉེན་རྟོགས་སྤྱི་ཁྱབ་ཀི་རི་ར་ཏ་པན་པེད་ཆིས་(Kittirat Panpetch)་རྒྱ་ནག་གི་འབོད་སྐུལ་ལྟར་ཡུ་གུར་བ་དེ་རྣམས་རང་ཡུལ་དུ་ཕྱིར་སློག་བྱས་པ་ཡིན་ཞེས་གསར་འགོད་བསྒྲགས་སྤེལ། ༢༠༡༤་ལོར་ཞིན་ཅང་གི་ཡུ་གུར་བ་༣༠༠་ལྷག་རྒྱ་ནག་ནས་ཐེ་ལན་ཌིར་བྲོས། ཐེ་ལན་ཌིར་འབྱོར་བའི་ཡུ་གུར་བ་མང་ཆེ་བ་ཏུར་ཀི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཐར་ཀྱང་མི་༤༠་རྒྱལ་ཁབ་དེའི་ས་ཐོག་ཏུ་ལུས། ཡུ་གུར་བ་དེ་རྣམས་སྐྱེས་པ་ཤ་སྟག་ཡིན་པ་དང་ཟླ་བ་སྔོན་མར་ང་ཚོ་རྒྱ་ནག་ལ་རྩི་སྤྲོད་བྱེད་མི་ཆོག་ཅེས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ།།

ཐེ་ལན་ཌིའི་སྲིད་བློན་དང་ཞི་ཅིན་ཕིང་།
ཐེ་ལན་ཌིའི་སྲིད་བློན་དང་ཞི་ཅིན་ཕིང་།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་འགན་འཛིན་ནས་ཐེ་ལན་ཌིའི་གཞུང་གིས་ཡུ་གུར་བ་དེ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱས་པ་རྒྱལ་སྤྱིའི་ཁྲིམས་ལ་རྒྱབ་འགལ་བྱས་པ་ཁོ་ན་མིན། ཐེ་ལན་ཌིའི་གཞུང་གིས་ཡུ་གུར་བ་དེ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་མིན་ཞེས་ཁས་ལེན་བྱས་པ་ཁ་དན་ཚིག་ལ་མ་གནས་པ་རེད་ཅེས་སྐྱོན་བཙུགས། ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་གནས་འཁོད་ཡུ་གུར་བ་ཏ་ཧིར་ཨི་མིན་(Tahir Imin)་ཞེས་པ་ཞིག་གིས་ང་ནི་ཧ་ཅང་གི་སེམས་པ་སྐྱོ་སོང་། ཡུ་གུར་བ་དེ་རྣམས་རང་ཡུལ་དུ་འབྱོར་བའི་རྗེས་སུ་རྒྱ་ནག་གཞུང་གིས་ཅི་ཞིག་བྱ་རྒྱུ་ཡིན་མིན་ངེས་གཏན་མེད་པས་བློ་འཚབ་ཆེན་པོ་ཡོད། ཁོ་ཚོར་བློ་ཡུལ་དུ་ཤོང་དཀའ་བའི་ཉེས་ཆད་དང་མནར་གཅོད། ལོ་མང་གི་བཙོན་འཇུག་དང་སྲོག་ཁྲིམས་ཀྱང་གཅོད་སྲིད་ཟེར། འདས་པའི་ལོ་མང་རིང་ཨ་རི་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་ཐེ་ལན་ཌིར་ལུས་འབྱོར་བའི་ཡུ་གུར་བ་དེ་དག་གི་བདེ་སྡུག་ལ་དོ་ཁུར་བླངས།།

༢༠༡༥་ལོར་ཐེ་ལན་ཌིའི་གཞུང་གིས་ཡུ་གུར་བ་༡༠༩་རྒྱ་ནག་ལ་རྩིས་སྤྲད། ཐེ་ལན་ཌིའི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གིས་ཡུ་གུར་བ་དེ་ཚོར་རང་ཡུལ་དུ་ཉེན་ཁ་འཕྲད་མི་སྲིད་པའི་ཁས་ལེན་བྱས་ནས་ཕྱིར་སློག་བྱས་པ་ཡིན་ཞེས་རྒྱུ་མཚན་བགྲངས། གཟའ་ཕུར་བུའི་མཚན་གྱི་ཆུ་ཚོད་༢་པ་ཡས་མས་སུ་གསར་འགོད་པ་ཞིག་གིས་ཐེ་ལན་ཌིའི་ཕྱི་མི་བཀག་ཉར་ཁང་ནས་དོས་སྐྱེལ་རླངས་འཁོར་དྲུག་གི་སྒེའུ་ཁུང་ལ་ཁྲ་ཡོལ་ནག་པོ་འཐེན། ཉེན་རྟོག་པས་རླངས་འཁོར་དེ་ཚོར་སྲུང་སྐྱོབ་བྱས་ནས་གནམ་ཐང་ཕྱོགས་སུ་ཕྱིན་པ་དང་ཆུ་ཚོད་འགའ་ཞིག་གི་རྗེས་སུ་རྒྱ་ནག་ལྷོ་ཕྱོགས་མཁའ་ལམ་ལས་ཁུངས་ཀྱི་གནམ་གྲུ་ཞིག་ཐེ་ལན་ཌི་ནས་ཞིན་ཅང་ལ་འཕུར། ཁ་སང་ཕྱི་དྲོར་འགྲུལ་སྐྱེལ་གནམ་གྲུ་དེ་ཞིན་ཅང་གི་ཁ་ཤི་སྒར་གྲོང་ཁྱེར་གྱི་གནམ་ཐང་དུ་བབས། ཆུ་ལཱ་ལོང་ཀོར་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་སློབ་དཔོན་ཐི་ཏི་ནན་པོང་སུ་དྷི་རག་(Thitinan Pongsudhirak)་གིས་ཐེ་ལན་ཌིའི་གཞུང་གིས་རྒྱ་ནག་ལ་འབྲེལ་བ་དམ་ཟབ་འཛིན་གྱི་ཡོད་པས་ཨ་རི་གཙོས་ནུབ་ཕྱོགས་རྒྱལ་ཁབ་དང་ཁ་ཆེའི་རྒྱལ་ཁབ་ཁག་ལ་ཕོག་ཐུག་འགྲོ་ཡི་རེད་ཅེས་བཀྲལ།།

ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་རི་ཤེ་དང་ཇཱིན་ཤ་ཧིན།
ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་རི་ཤེ་དང་ཇཱིན་ཤ་ཧིན།

ཟླ་བ་སྔོན་མར་ཨ་རིའི་གྲོས་ཚོགས་གོང་མས་མར་ཀོ་རུ་བྷི་ཡོ་ཕྱི་དྲུང་ཆེར་གཏན་ཁེལ་གྱི་ཉན་ཞིབ་སྐབས་སུ་གནད་དོན་སྣ་མང་ཞིག་དྲིས། མར་ཀོ་རུ་བྷི་ཡོས་ངས་ཐེ་ལན་ཌའི་གཞུང་ལ་ཡུ་གུར་བ་དེ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱེད་མི་ཉན་ཞེས་སྐུལ་ལྕག་གཏོང་གི་ཡིན་ཞེས་ལན་བཏབ། གཟའ་མིག་དམར་ཉིན་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ཚོགས་ཆུང་གི་འཐུས་མི་ཇིམ་རི་ཤེ་(Jim Risch)་དང་ཇཱིན་ཤ་ཧིན་(Jeanne Shaheen)་གཉིས་ཀྱིས་ཡུ་གུར་བ་ཚོ་རྒྱ་ནག་ལ་རྩིས་སྤྲོད་བྱས་ན་ཡག་པོ་ཡོང་གི་མ་རེད་ཅེས་ཉེན་བརྡ་བཏང་འདུག ཐེ་ལན་ཌིའི་དམག་གིས་ལོ་བཅུ་མ་ཟིན་ཙམ་ལ་སྲིད་དབང་བཟུང་བས་ཨ་རི་དང་ལྷོ་ཤར་ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་དེའི་འབྲེལ་བ་སྡུག་ཏུ་ཕྱིན་པར་མ་ཟད། ལོན་ཌོན་གྱི་རྒྱ་ནག་ཞིབ་འཇུག་ཁང་གི་འགན་འཛིན་སི་ཊིབ་ཙང་གིས་ཇཱོ་བྷ་ཌན་གྱི་དུས་སུ་ཨ་མི་རི་ཀས་ཐེ་ལན་ཌིར་ཤུགས་རྐྱེན་ཐེབས་པ་རེད། ད་ལྟ་ཌོ་ནལ་ཊམ་གྱིས་འགྲོ་བ་མིའི་ཐོབ་ཐང་གནད་འགག་ཅིག་ཏུ་རྩི་ཡི་མེད་པས་ཐེ་ལན་ཌིའི་གཞུང་གིས་ཡུ་གུར་བ་དེ་རྣམས་རྒྱ་ནག་ལ་རྩིས་སྤྲོད་བྱ་རྒྱུ་སྟབས་བདེ་རུ་ཕྱིན་པ་རེད་ཅེས་དཔྱད་བརྗོད་སྤེལ།།

རྒྱ་ནག་གིས་སྟོབས་ཤུགས་དང་ཤུགས་རྐྱེན་བཀོལ་ནས་ཕྱི་ལོགས་སུ་བྲོས་པའི་སྲིད་དོན་གྱི་ལྟ་བ་མི་མཐུན་པ་དང་དམངས་གཙོ་དོན་གཉེར་བ། རྒྱ་ནག་ལ་སྐྱོན་བརྗོད་བྱེད་མཁན་ཚོའི་ཁ་བཀག ལོ་ཤས་གོང་དུ་རྒྱ་ནག་གཞུང་གིས་ཡུ་གུར་བ་ས་ཡ་༡་ལྷག་བཀག་ཉར་བྱས་ནས་ངལ་རྩོལ་བཙན་སྐུལ་བྱས་པ་དང་ཡུ་གུར་བའི་བུད་མེད་ཚོ་སྐྱེ་སྒོ་རྩ་གཅོད། ཡུ་གུར་བའི་ཕྲུ་གུ་རྣམས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་ཆུང་དུས་ནས་རྒྱ་ཡིག་རྒྱ་སྐད་བསླབས། ཕྲུ་གུ་དེ་ཚོས་རང་གི་ཕ་སྐད་སྨྲ་བརྗོད་དང་འབྲི་ཀློག་མི་ཐུབ་པ། ཡུ་གུར་བའི་ཕྲུ་གུ་དེ་ཚོར་རང་ཉིད་རྒྱ་མི་རིགས་ཡིན་པའི་འདུ་ཤེས་ཤིག་སྐྱེ་རུ་འཇུག་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར། རྒྱ་ནག་གིས་ཡུ་གུར་མི་རིགས་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ་བཅས་པ་རྩ་མེད། ཞིན་ཅང་གི་གྲོང་ཚོ་ཁག་གི་ཡུ་གུར་བའི་མིང་རྣམས་རྒྱ་སྐད་ཀྱི་མིང་ལ་བསྒྱུར། ཡུ་གུར་བ་ཚོ་རྒྱ་མི་རིགས་ལ་སྒྱུར་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG