ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

ཨུ་རུ་སུའི་དམག་དཔུང་ཕྱིར་འཐེན་བྱས་པའི་གསར་འགྱུར་འཕྲལ་དུ་ཕྱིར་བསྡུ།


༄༅།། ཨུ་རུ་སུའི་གཞུང་གཉེར་གསར་འགྱུར་ལས་ཁུངས་ཁག་གིས་རྒྱལ་སྲུང་ལྷན་ཁང་གི་གནས་ཚུལ་འབྱུང་ཁུངས་ཁག་ལུང་འདྲེན་བྱས་ནས་དམག་དཔུང་ཌི་ནི་པེར་གཙང་པོའི་ཤར་ཕྱོགས་སུ་ཕྱིར་འཐེན་བྱས་པ་རེད་ཅེས་བསྒྲགས། ཕྱི་ཟླ་༡༡་པའི་ཚེས་༡༣་ཉིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་བ་ལྟར་ན། ཨུ་རུ་སུའི་གཞུང་གིས་འཕྲལ་དུ་གསར་འགྱུར་ལས་ཁུངས་ཁག་ལ་དམག་དཔུང་ཕྱིར་འཐེན་བྱས་པའི་གནས་ཚུལ་དེ་ཚོ་ཕྱིར་བསྡུ་བྱེད་དུ་བཅུག་ཅིང་། ཨུ་རུ་སུའི་གསར་འགྱུར་ལས་ཁུངས་ཁག་གིས་སྐར་མ་བཅུའི་རྗེས་སུ་ཁར་སན་མངའ་ཁུལ་ནས་དམག་དཔུང་བཙན་ས་ཞིག་ཏུ་ཕྱིར་འཐེན་བྱ་རྒྱུའི་ཐག་གཅོད་དེར་འགྱུར་བ་ཕྱིན་པ་རེད་ཅེས་གསར་འགྱུར་སྤེལ། ཡུག་རེན་གྱིས་དམག་དཔུང་གིས་ཌི་ནི་པེལ་གཙང་པའི་ཟམ་སྣེ་གཉིས་སུ་བཙན་ས་བཟུང་སྟེ་ཕར་རྒོལ་བྱས་པ་དང་ཨུ་རུ་སུའི་དམག་གིས་འགོག་རྒོལ་བྱེད་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག ཁེ་རིམ་ལིན་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་ཀྱིས་གསར་འགོད་པའི་དྲིལ་བ་ཁག་ལ་ལན་མ་བཏབ། ཨུ་རུ་སུའི་རྒྱལ་སྲུང་ལྷན་ཁང་གིས་དམག་དཔུང་ཕྱིར་འཐེན་བྱས་རེད་ཟེར་བའི་གསར་འགྱུར་དེ་དཀྲོག་གཏམ་རེད་ཅེས་གསལ་བསྒྲགས་སྤེལ།།

ཁེ་རིམ་ལིན་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་
ཁེ་རིམ་ལིན་སྲིད་འཛིན་ལས་ཁུངས་ཀྱི་མགྲིན་ཚབ་པ་ཕེ་སི་ཀོབ་

སྔ་ལོ་ཡུག་ཀེ་རེན་གྱི་དམག་གིས་ཕར་རྒོལ་བྱས་ནས་ཨུ་རུ་སུའི་དམག་དཔུང་ཁར་ཀིབ་དང་ཁར་སན་གྲོང་ཁྱེར། ཌི་ནི་པེར་གཙང་པོའི་ནུབ་ཕྱོགས་ནས་མཐར་སྐྲོད་བཏང་བའི་སྐབས་སུའང་ཨུ་རུ་སུའི་གཞུང་གིས་དམག་དཔུང་ཕྱིར་འཐེན་བྱས་པ་མིན། ཨུ་རུ་སུའི་དམག་དཔུང་བཙན་ས་ཞིག་ཏུ་གནས་སྤོས་བྱས་པ་ཡིན་ཞེས་བཀྲལ། འདས་པའི་ལོ་གཅིག་ལྷག་ལ་ཨུ་རུ་སུའི་དམག་གིས་ཌི་ནི་པེར་གཙང་པོའི་ཕ་རོལ་ནས་ཡུག་ཀེ་རེན་གྱི་ཁར་སན་གྲོང་ཁྱེར་དང་དེ་མིན་གྱི་ས་གནས་ཁག་ཏུ་གཏོར་རྒོལ་བྱས་ནས་བསྡད། ཟླ་བ་སྔོན་མ་ནས་ཡུག་ཀེ་རེན་གྱི་དམག་གིས་ཕར་རྒོལ་དྲག་པོ་བྱས་ཏེ་ཌི་ནི་པེར་གཙང་པོ་བརྒལ། ཡུག་ཀེན་གྱི་དམག་གིས་ཌེ་ནི་པེར་གཙང་པོའི་གཡོན་ཕྱོགས་སུ་གཏོར་རྒོལ་བྱས་ནས་རྒྱལ་ཁ་གང་འཚམ་ཞིག་ཐོབ། ད་ལྟ་ཡུག་ཀེ་རེན་གྱི་དམག་གིས་ཀུ་པི་ཡན་སིག་དང་བྷག་མུ་ཏ། ཨ་ཝི་ཌིབ་ཀ་བཅས་ས་ཁུལ་གསུམ་དུ་འཐབ་འཁྲུག་དྲག་པོ་བརྒྱབ། ཨུ་རུ་སུའི་དམག་གིས་བདུན་ཕྲག་འགའ་ཞིག་གི་རིང་ཨ་ཝི་ཌིབ་ཀ་གྲོང་ཁྱེར་མཐའ་སྐོར་རྒྱུའི་འབད་བརྩོན་བྱས་ཀྱང་མ་གྲུབ།།

ཕྱི་ཟླ་༡༡་པའི་ཚེས་༡༢་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨུ་རུ་སུའི་དབང་བསྒྱུར་འོག་ཏུ་ཚུད་ཡོད་པའི་མེ་ལི་ཊོ་པོལ་གྲོང་ཁྱེར་དུ་གཏོར་རྒོལ་ཕོག་སྟེ་ཨུ་རུ་སུའི་དམག་དཔོན་༣་བསད། ཡུག་ཀེ་རེན་གྱི་རྒྱལ་སྲུང་གསང་བའི་ལས་ཁུངས་ནས་གཟའ་སྤེན་པའི་ཉིན་ཨུ་རུ་སུའི་དམག་དཔོན་དེ་ཚོ་ཚོགས་འདུ་ཚོགས་པ་རེད། ཚོགས་འདུ་དེར་ཨུ་རུ་སུའི་ཡུལ་སྲུང་དམག་གི་འགོ་ཁྲིད་དང་གསང་བའི་ལས་ཁུངས་ཀྱི་འགོ་ཁྲིད་མཉམ་ཞུགས་བྱས་འདུག ཡུག་ཀེ་རེན་གྱི་ས་གནས་མི་མང་གིས་ཚོགས་འདུ་དེར་གཏོར་རྒོལ་བྱས་ནས་ཨུ་རུ་སུའི་དམག་ལ་དགྲ་ཤ་བླངས་པ་རེད་ཅེས་དར་འཕྲིན་དྲྭ་ལམ་དུ་འཕྲིན་ཐུང་ཞིག་སྤེལ། ཨུ་ཡུག་དམག་འཁྲུག་མ་ལངས་གོང་དུ་མེ་ལི་ཊོ་པོར་གྲོང་ཁྱེར་དུ་མི་འབོར་འབུམ་༡་དང་ཕྱེད་ཀ་ཡས་མས་ཤིག་ཡོད་ཀྱང་དམག་འཁྲུག་རྗེས་སུ་ཨུ་རུ་སུའི་དབང་བསྒྱུར་འོག་ཚུད། ཡུག་ཀེ་རེན་གྱི་དམག་གིས་མེ་ལི་ཊོ་པོལ་གྲོང་ཁྱེར་ལ་གཏོར་རྒོལ་ཐེངས་འགའ་ཞིག་བྱས་ནས་ལེན་ཐབས་སུ་འབད། ད་ལོའི་དཔུང་འཇུག་རྗེས་སུ་ཡུག་ཀེ་རེན་གྱི་དམག་གིས་གྲོང་གསེབ་འགའ་ཞིག་ལས་ཕྱིར་ལེན་མ་ཐུབ།།

སྲིད་འཛིན་ཛེ་ལན་སི་ཀིས་
སྲིད་འཛིན་ཛེ་ལན་སི་ཀིས་

ཁ་སང་གཟའ་ཉི་མའི་ཉིན་སྲིད་འཛིན་ཛེ་ལན་སི་ཀིས་དགུན་གྱི་དུས་སུ་ཡུག་ཀེ་རེན་གྱི་གློག་ཁང་དང་སོལ་རླངས་འདྲེན་གཏོང་ཁང་ལ་ཨུ་རུ་སུས་གཏོར་རྒོལ་བྱ་རྒྱུ་ཉག་གཅིག་རེད། ཨུ་རུ་སུའི་དམག་གིས་ཤར་ཕྱོགས་ནས་གཏོར་རྒོལ་བྱ་རྒྱུའི་རྟགས་མཚན་འདུག ད་སྔ་ཨུ་རུ་སུའི་དམག་གིས་ཨ་ཝི་ཌིབ་ཀ་གྲོང་ཁྱེར་ལ་དཔུང་འཇུག་བྱ་རྒྱུ་འཇམ་ཡོད་ཀྱང་དགུན་ཁར་སླར་ཡང་དཔུང་འཇུག་བྱ་ངེས་རེད། ཡུག་ཀེ་རེན་གཞུང་དམངས་གཉིས་ཀས་དགུན་གྱི་དུས་སུ་ཨུ་རུ་སུའི་གཏོར་རྒོལ་འབྱུང་རྒྱུ་དེར་གདོང་ལེན་བྱེད་ཐུབ་པའི་གྲ་སྒྲིག་བྱ་དགོས་ཞེས་ནན་བརྗོད་བྱས་འདུག ན་ནིང་དགུན་ཁར་ཨུ་རུ་སུས་འཕུར་མདེལ་དང་མེ་སྒྱོགས་བརྒྱབ་ནས་ཡུག་ཀེ་རེན་གྱི་གློག་ཁང་ཁག་དང་སོལ་རླངས་འདྲེན་གཏོང་ཁང་། མང་ཚོགས་ཀྱི་འཐུང་ཆུ་འགྲེམ་གཏོང་ཁང་བཅས་ལ་གཏོར་རྒོལ་བྱས་ནས་ཡུག་ཀེ་རེན་མི་དམངས་ཀྱིས་འཁྱག་སྡུག་མྱངས། གཟའ་སྤེན་པའི་ཉིན་ཡུག་ཀེ་རེན་གྱི་ནུས་ཤུགས་བློན་ཆེན་གྱིས་ང་ཚོས་དགུན་གྱི་དུས་སུ་འདང་བའི་རང་བྱུང་ནུས་པའི་ཐོན་སྐྱེད་གསོག་འཇོག་བྱས་ཡོད་ཅེས་བཤད་འདུག

ཕྱི་ཟླ་༡༡་པའི་ཚེས་༡༢་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མཚོ་ནག་མངའ་ཁུལ་དུ་དབང་བསྒྱུར་བྱེད་པའི་འཐབ་འཁྲུག་རྒྱག་རྒྱུ་ཤུགས་ཆེ་རུ་སོང་། ཡུག་ཀེ་རེན་གྱིས་ཁ་ལོ་བ་མེད་པའི་མཚོ་གྲུ་བཏང་ནས་ཨུ་རུ་སུའི་འབབ་གྲུ་གཏོར། ཁེ་རེ་མཱི་ཡ་གླིང་ཟུར་ནས་ཨུ་རུ་སུའི་དམག་དཔུང་མཐར་སྐྲོད་གཏོང་རྒྱུའི་ཆེད་སེམས་ལ་འགྱུར་བ་མེད་པའི་རྣམ་པ་ཞིག་མངོན། ཡུག་ཀེ་རེན་གྱི་དམག་གིས་ཁ་ལོ་བ་མེད་པའི་མཚོ་གྲུས་ཨུ་སུ་རུའི་འབབ་གྲུ་༢་ལ་གདོང་ཁ་བརྒྱབ་ནས་རྩ་གཏོར་བཏང་བའི་བརྙན་འཕྲིན་བསྟན། ཡུག་ཀེ་རེན་གྱི་དམག་དོན་གསང་བའི་ལས་ཁུངས་ཀྱིས་བཀྲམ་པའི་བརྙན་འཕྲིན་དེ་བདེན་པ་ཡིན་མིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་ངེས་གཏན་མ་ཐུབ། འབབ་གྲུ་དེ་དག་ནི་མཚོ་འགྲམ་བར་དུ་དམག་དཔུང་དང་མཚོན་ཆ་སྐྱེལ་འདྲེན་ཆེད་དུ་བཀོལ་སྤྱོད་ཀྱི་ཡོད་མོད། འོན་ཀྱང་ཨུ་རུ་སུའི་གཞུང་གིས་རང་གི་འབབ་གྲུ་གཉིས་ལ་གཏོར་རྒོལ་ཕོག་མིན་དང་འབབ་གྲུའི་ནང་དུ་ཅི་ཡོད་སོགས་གསལ་བཀྲོལ་མ་བྱུང་།།

ལུ་ཧན་སིག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་ས་གནས་ཀྱི་ཉེན་རྟོག་པའི་འགོ་ཁྲིད་ཟུར་པ་མཱི་ཁེལ་ཧྥི་ལི་པོ་ནེན་ཀོ་
ལུ་ཧན་སིག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་ས་གནས་ཀྱི་ཉེན་རྟོག་པའི་འགོ་ཁྲིད་ཟུར་པ་མཱི་ཁེལ་ཧྥི་ལི་པོ་ནེན་ཀོ་

བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་ལུ་ཧན་སིག་མངའ་ཁུལ་དུ་ཨུ་རུ་སུའི་ཕྱོགས་གཏོགས་ཉེན་རྟོག་པའི་འགོ་ཁྲིད་ཟུར་པའི་རླངས་འཁོར་ནང་དུ་འབར་མདེལ་བཀད། ལུ་ཧན་སིག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་ས་གནས་ཀྱི་ཉེན་རྟོག་པའི་འགོ་ཁྲིད་ཟུར་པ་མཱི་ཁེལ་ཧྥི་ལི་པོ་ནེན་ཀོ་བསད། ཨུ་རུ་སུའི་གཞུང་གིས་ལུ་ཧན་སིག་མངའ་ཁུལ་གྱི་ཉེན་རྟོག་པའི་འགོ་ཁྲིད་ཟུར་པ་བསད་པའི་ཉེས་དོན་དེར་ཞིབ་འཇུག་བྱ་རྒྱུ་འགོ་ཚུགས། ༢༠༡༤་ནས་ལུ་ཧན་སིག་མངའ་ཁུལ་གྱིས་ཡུག་ཀེ་རེན་ལ་གྱེན་ལོག་བྱས་ནས་ཨུ་རུ་སུའི་ཕྱོགས་སུ་ལངས། ཡུག་ཀེ་རེན་གྱི་གསང་བའི་ལས་ཁུངས་ནས་བཙན་བཟུང་ས་ཁུལ་ཁག་གི་ཨུ་རུ་སུའི་རྒྱུག་ཁྱི་འགོ་ཁྲིད་ཟུར་པ་ཚོ་ཐར་པ་གཏོང་རྒྱུ་མིན། ཨུ་རུ་སུ་འཇིགས་སྐུལ་རིང་ལུགས་པ་ཚོས་གནས་སྐབས་རིང་བཙན་བཟུང་བྱེད་བཞིན་པའི་ས་ཁུལ་ཁག་གི་རྒྱལ་ཚོང་བ་རྣམས་རྩ་མེད་གཏོང་དགོས། དགྲ་བོར་ངན་འབྲེལ་བྱེད་མཁན་དང་དམག་འཁྲུག་གི་ཉེས་ཅན་ཚོར་ལན་པ་ཚུལ་བཞིན་སློག་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ།།

རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལ་ཝོན་ཌ་ལེ་ཡན་
རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལ་ཝོན་ཌ་ལེ་ཡན་

ཡུག་ཀེ་རེན་གྱིས་ཨུ་རུ་སུའི་བཙན་འཛུལ་ལ་འགོག་རྒོལ་བྱས་ནས་ལོ་༡་དང་ཟླ་བ་༩་འགྲོ་བཞིན་པའི་མཚམས་སུ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་གྲོས་མོལ་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཐོན། ༢༠༢༢་ལོར་ཡུག་ཀེ་རེན་ལ་བཙན་འཛུལ་བྱུང་བའི་རྗེས་སུ་སྲིད་འཛིན་ཛེ་ལན་སི་ཀིས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ། ཕྱི་ཟླ་༡༡་པའི་ཚེས་༩་ཉིན་ཡུ་རོབ་མཉམ་འབྲེལ་གྱི་གཙོ་འཛིན་ཨུར་སུ་ལ་ཝོན་ཌ་ལེ་ཡན་ནས་རྒྱལ་ཁབ་༢༧་གྱི་མཐུན་ཚོགས་དེས་བཏོན་པའི་ཆ་རྐྱེན་བརྒྱ་ཆ་༩༠་ལྷག་ཡུག་ཀེ་རེན་གྱིས་བསྒྲུབས་འདུག ད་དུང་ཡང་དམག་འཁྲུག་མཚམས་ཆད་མེད་པ་ནི་འགོག་རྐྱེན་གཙོ་བ་ཞིག་རེད། རྒྱལ་ཁབ་གང་ཞིག་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་པར་དངོས་གཞིའི་གྲོས་མོལ་བྱ་རྒྱུ་དེར་ལོ་༡༠་ཡས་མས་རེ་འགོར་གྱི་ཡོད་ཀྱང་ཡུག་ཀེ་རེན་ལ་དངོས་གཞིའི་གྲོས་མོལ་འགོ་འཛུགས་བྱེད་ཆོག་གི་འདུག ཡུག་ཀེ་རེན་གྱིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་དང་ཁྲིམས་འཛིན་ལམ་ལུགས་ལེགས་བཅོས། ཕྱུག་བདག་ཚོའི་ཤུགས་རྐྱེན་ཆུང་དུ་བཏང་སྟེ་རྒྱལ་ཁབ་འཛིན་སྐྱོང་གི་ལམ་ལུགས་ཕྱི་གསལ་ནང་གསལ་ཞིག་བྱུང་འདུག་བསྔགས་བརྗོད་ཞུས།།

ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ར་ས་མུ་སེན་
ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ར་ས་མུ་སེན་

ཕྱི་ཟླ་༡༡་པའི་ཚེས་༡༡་ཉིན་དབྱིན་ཇིའི་གྷར་ཌི་ཡན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཟུར་པ་ར་ས་མུ་སེན་གྱིས་ཨུ་རུ་སུའི་བཙན་འཕྲོག་བྱས་ཟིན་པའི་ས་ཆ་རྣམས་ཡུག་ཀེ་རེན་གྱི་མངའ་ཁོངས་སུ་མ་བརྩིས་པར་ནུབ་ཆིངས་ཁོངས་སུ་ཞུགས་དགོས། ནུབ་ཆིངས་ཀྱི་རྩ་འཛིན་དོན་ཚན་༥་པ་ཁ་ཡོད་ལག་ཡོད་ཅིག་ཏུ་འགྱུར་དགོས་ཚེ། ནུབ་ཆིངས་ཀྱིས་ཨུ་རུ་སུར་ཡུག་ཀེ་རེན་གྱི་མཁའ་དབྱིངས་སུ་དཔུང་འཛུལ་བྱས་ནས་གཏོར་རྒོལ་བྱེད་མི་ཆོག ཡུག་ཀེ་རེན་ལ་གཏོར་རྒོལ་བྱས་ན་ནུབ་ཆིངས་ཀྱིས་ཨུ་རུ་སུར་རྒོལ་ལན་སློག་རྒྱུ་ཡིན་ཞེས་གོ་བརྡ་འཕྲོད་དགོས། དེ་ལྟར་བྱས་ན་རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ཆེན་པོ་ཞིག་ལང་རྒྱུའི་ཉེན་ཁ་ཆེ་ཞེས་བཤད་འདུག ལོ་རྗེས་མར་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ནུབ་ཆིངས་བཙུགས་ནས་ལོ་༧༥་འཁོར་བའི་ཚོགས་འདུ་འཚོགས་རྒྱུ་ཡིན་ཞིང་། ད་ལོ་ཡུག་ཀེ་རེན་ནུབ་ཆིངས་ཁོངས་སུ་ཞུགས་མ་ཐུབ་པར་བློ་ཕམ་ཆེན་པོ་བྱུང་། ཡུག་ཀེ་རེན་གྱིས་ས་ཆ་བློས་བཏང་ནས་ནུབ་ཆིངས་ཁོངས་སུ་ཞུགས་རྒྱུ་ཡིན་མིན་གསལ་པོ་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG