༄༅། །ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་སྤྱི་ཟླ་༣ པའི་ཚེས་༤ སྟེ་རེས་གཟའ་མིག་དམར་ཉིན་ལ་ཡུལ་དེར་འཚམས་འདྲི་འབྱོར་ཡོད་པའི་འབར་མའི་དྲག་པོ་དམག་གི་འགོ་ཁྲིད་མིན་ཨང་ལེ་དང་ཐུག་འཕྲད་གྲོས་མོལ་བྱས་འདུག ནུབ་ཕྱོགས་རྒྱལ་ཁབ་ཚོས་གཞུང་འཛིན་དེ་གཉིས་གྲོགས་མེད་ཁེར་རྐྱང་ཆགས་བཅུག་པ་དང་དེའི་ཐོག་ལ་དཔལ་འབྱོར་གྱི་དམ་བསྒྲགས་ནན་མོ་བྱེད་བཞིན་པའི་དུས་སྐབས་འདིར། འབར་མའི་དྲག་པོ་དམག་གི་འགོ་ཁྲིད་མིན་ཨང་ལེས་མུ་མཐུད་དུ་མོ་སི་ཁོ་དང་མཉམ་འབྲེལ་བྱེད་ཤུགས་ཆེ་རུ་གཏོང་ཐབས་བྱེད་བཞིན་པ་རེད། ཨུ་རུ་སུའི་སྲིད་འཛིན་པུ་ཊིན་གྱིས་འབར་མ་དང་མཉམ་འབྲེལ་རྒྱ་བསྐྱེད་འགྲོ་བཞིན་པར་ཡི་རང་བསྔགས་བརྗོད་དང་བཅས། ད་ལན་མིན་ཨང་ལེ་ཡིས་མོ་སི་ཁོར་གླང་ཆེན་དྲུག་ལེགས་སྐྱེས་སྤྲད་པར་ཐུགས་རྗེ་ཆེ་ཞུས་འདུག
འབར་མས་མོ་སི་ཁོ་ལ་གླང་ཆེན་ལེགས་སྐྱེས་ཕུལ་བའི་དུས་ཚོད་དེ་དང་ཨུ་རུ་སུས་འབར་མའི་དམག་ལ་གནམ་གྲུ་དྲུག་སྤྲད་པའི་དུས་ཚོད་དང་ཧ་ལམ་གཅིག་མཚུངས་ཆགས་ཡོད་པའི་རྐྱེན་གྱིས། དམག་དོན་དབྱེ་ཞིབ་པ་ཚོས་ད་ཐེངས་ཕྱོགས་གཉིས་བར་གྱི་གྲོས་མོལ་དེ་ལ་གླང་ཆེན་ཕྱི་འབྲེལ་ཞེས་འབོད་ཀྱི་ཡོད་པ་དང་། དེས་ཉེ་བའི་ལོ་ཤས་ནང་འབར་མ་དང་ཨུ་རུ་སུའི་མཉམ་ལས་ཇེ་ཟབ་ཏུ་འགྲོ་བཞིན་པའི་རྟགས་མཚན་ཞིག་ཡིན་པ་རེད།
འབར་མའི་དྲག་པོ་དམག་གིས་༢༠༢༡ ལོའི་སྤྱི་ཟླ་༢ པའི་ནང་ཡུལ་དེའི་མི་དམངས་ཀྱིས་འོས་འདེམས་བྱས་པའི་འགོ་ཁྲིད་ལྕམ་ཨང་སང་སུ་ཅིའི་སྲིད་དབང་མགོ་རྟིང་སློག་པ་ནས་བཟུང་། འབར་མའི་རྒྱལ་ཁབ་དེ་བཞིན་དྲག་ཟིང་ཆེན་པོའི་ནང་ཚུད་ཡོད་པ་རེད། ད་ལོ་དགོང་ལོ་༦༨ ལ་སླེབས་ཡོད་པའི་མིན་ཨང་ལེ་ནི་ནམ་རྒྱུན་ཕྱིའི་རྒྱལ་ཁབ་ཁག་ཏུ་འཚམས་འདྲི་འགྲོ་བ་ཧ་ཅང་མཐོང་དཀོན་པོ་ཡིན་ཡང། ད་ཐེངས་ཁོང་མོ་སོ་ཁོ་ནང་འབྱོར་བ་དེ་ནི་ཁོང་གིས་འབར་མའི་སྲིད་དབང་བཙན་འཕྲོག་བྱས་ནས་ད་བར་ཨུ་རུ་སུའི་ནང་འཚམས་འདྲིར་འབྱོར་བ་ཐེངས་༤ པ་དེ་ཆགས་འདུག
གླེང་སྟེགས།