ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༡/༢༦

ཨ་རི་དང་རྒྱ་ནག་གི་དབུ་ཁྲིད་མཇལ་འཕྲད་ལ་གྲ་སྒྲིག་དང་ཕྱོགས་མང་རིང་ལུགས་སྐོར་གྱི་འགྲན་རྩོད་གསར་པ།


སྲིད་འཛིན་བྷ་ཌན་གྱིས་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་སྟེང་གསུང་བཤད་གནང་བ། ༢༠༢༣།༩།༡༩ ཉིན།
སྲིད་འཛིན་བྷ་ཌན་གྱིས་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་སྟེང་གསུང་བཤད་གནང་བ། ༢༠༢༣།༩།༡༩ ཉིན།

ཉེ་ལམ་སྲིད་འཛིན་བྷ་ཌན་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་ཨ་རིས་གཙོ་ཁྲིད་བྱེད་བཞིན་པའི་འཛམ་བུ་གླིང་སྤྱིའི་སྒྲིག་སྲོལ་སྐོར་ལ་གཏམ་བཤད་གནང་ཡོད་ཅིང་། དེ་དང་དུས་མཚུངས་སུ་ཨ་རི་དང་རྒྱ་ནག་གཉིས་ཀྱི་མཐོ་རིམ་དཔོན་རིགས་ཚོས་རིང་མིན་སྤྱི་ཟླ་༡༡ པར་འཚོག་འཆར་ཡོད་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཚོགས་འདུའི་སྐབས་སུ་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་མཇལ་མོལ་གནང་རྒྱུར་གྲ་སྒྲིག་གནང་བཞིན་པ་རེད། དབྱེ་ཞིབ་པ་ཚོས་བརྗོད་དོན་ལྟར་ན། བྷ་ཌན་མཆོག་གིས་ད་རེས་གཏམ་བཤད་ཁྲོད་དུ་ཕྱོགས་མང་རིང་ལུགས་སྐོར་ལ་བཀའ་མོལ་མང་པོ་གནང་ཡོད་པ་དེ། དོན་དམ་ལ་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་སོགས་ལ་ཕྱོགས་ཡོངས་ནས་བརྡ་ལན་སྤྲོད་སྟངས་ཤིག་ཆགས་ཡོད་སྟབས། ཨ་རྒྱ་གཉིས་ཀྱི་དབར་ཕྱོགས་མང་རིང་ལུགས་ཐད་ཀྱི་འགྲན་རྩོད་གསར་པ་ཞིག་འགོ་ཚུགས་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱེད་བཞིན་འདུག

རེས་གཟའ་མིག་དམར་ཉིན་སྲིད་འཛིན་བྷ་ཌན་མཆོག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་༧༨ པའི་ཐོག་ཏུ་གཏམ་བཤད་གནང་དུས་རྒྱལ་ཁབ་ཕན་ཚུན་དབར་འགན་ཁུར་བའི་ཐོག་ནས་འགྲན་རྩོད་བྱ་རྒྱུའི་རེ་བ་ཡོད་པ་ལྟར། ཨ་རིས་ཀྱང་རྒྱ་ནག་དང་ཟིང་འཁྲུག་ལངས་རྒྱུའི་ཉེན་ཁ་འགོག་རྒྱུ་ཡིན་པ་ལས་རྒྱ་ནག་དང་འབྲེལ་བ་གཙང་བཅད་བྱ་འདོད་མེད་ཅེས་བསྐྱར་དུ་ནན་བརྗོད་གནང་འདུག གཞན་ཡང་ཁོང་གིས་བཙན་འཛུལ་དང་འཇིགས་སྐུལ་གྱི་བྱ་སྤྱོད་ཡོད་ཚད་ལ་འགོག་རྒོལ་བྱས་ནས་འདྲ་མཉམ་དང་དྲང་བདེན། རང་དབང་ལྡན་པའི་འགྲན་རྩོད་ཀྱི་ཁོར་ཡུག་སྐྲུན་ཐབས་བྱས་ཏེ། ད་ཡོད་ཀྱི་བདེ་འཇགས་ཀྱི་ཁོར་ཡུག་དང་ཡར་རྒྱས་ཀྱི་གནས་སྟངས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་པར་མ་ཟད། རྒྱ་ནག་དང་མཉམ་ལས་བྱེད་དགོས་སའི་གནད་དོན་ཐོག་ལ་མཉམ་ལས་གང་ཐུབ་བྱ་རྒྱུར་འབད་བརྩོན་བྱ་ངེས་ཡིན་ཞེས་གསུངས་འདུག

ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་བརྟན་པོ་ཡོང་ཐབས་སུ་གོ་སྐབས་དམ་འཛིན་བྱེད་འདོད་ཡོད་པ།

བྷ་ཌན་མཆོག་གི་གསུང་བཤད་དེས་རྒྱ་ནག་གི་གསང་མྱུལ་ལྒང་བུའི་དོན་རྐྱེན་བྱུང་རྗེས་རྒྱལ་ཁབ་གཉིས་དབར་ད་ཡོད་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་མི་འགྲོ་བར་བརྟན་པོ་གནས་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་མཚོན་ཡོད། ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་སྐོར་གྱི་ཆེད་མཁས་པ་དང་ནིའུ་ཡོག་གཙུག་ལག་སློབ་ཆེན་གྱི་ཁྲིམས་ལུགས་རིག་པའི་དགེ་རྒན་ཆེན་མོ་ཁུང་ཇཱེ་རུང་གིས་བརྗོད་དོན་ལ། ཨ་རིའི་གཞུང་དང་དཔོན་རིགས་ཚོས་རྒྱ་ནག་ཐོག་འཛིན་པའི་རྣམ་འགྱུར་གཅིག་མཐུན་ཆགས་ཐུབ་རྒྱུའི་རེ་བ་ཡོད་པ་རེད། ལྷག་པར་དུ་དེང་སང་ཨ་རིའི་ནང་ཁུལ་དུ་ཆབ་སྲིད་ལྟ་གྲུབ་ཀྱི་འགལ་ཟླ་ཇེ་ཆེར་འགྲོ་བཞིན་པ་དེས་ཨ་རི་དང་རྒྱ་ནག་གཉིས་དབར་ད་ཡོད་ཀྱི་འབྲེལ་ལམ་རྒྱུན་གནས་ཐུབ་རྒྱུར་ཉེན་ཁ་ཡོད་པ་རེད། གལ་སྲིད་ཞི་ཅིན་ཕིང་སྤྱི་ཟླ་༡༡ པའི་ནང་ཨ་རིའི་གྲོང་ཁྱེར་སན་ཧྥུ་རན་སི་ཀོར་ཕེབས་ཐུབ་པ་ཡིན་ན། དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་དེ་བཞིན་སྔར་ཡོད་རྒྱུན་ལྡན་གྱི་ལམ་ཁར་འཁྲིད་ཐུབ་རྒྱུའི་གོ་སྐབས་ཤིག་ཆགས་རྒྱུ་རེད་ཅེས་བརྗོད་འདུག

ཨ་རིའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་སློབ་སྟོན་པ་ཇེ་ཁེ་སུའུ་ལི་ཝེན་ལགས་དང་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་རྒྱུན་ལས་དང་ཕྱི་སྲིད་ལས་ཁུངས་ཀྱི་འགན་འཛིན། ཕྱི་སྲིད་བློན་ཆེན་ཝང་དབྱི་གཉིས་ཀྱིས་སྤྱི་ཟླ་༩ པའི་ཚེས་༡༦ ནས་༡༧ ཉིན་གྱི་བར་མཱ་ཊར་གསང་བའི་ཚོགས་འདུ་ཞིག་འཚོགས་ཡོད་པའི་གནས་ཚུལ་ཐོན་པ་དེས། དེ་སྔོན་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་གཞོན་པ་ཧན་ཀྲེང་གིས་ཝང་དབྱི་ཚབ་བྱས་ནས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ལ་མཉམ་བཞུགས་བྱས་པ་དེ་ནི་ཞི་ཅིན་ཕིང་དང་བྷ་ཌན་གཉིས་ཀྱི་མཇལ་མོལ་ཡོང་རྒྱུ་དེ་ངེས་གཏན་མེད་པ་ཡིན་ལུགས་ཀྱི་འགྲེལ་བརྗོད་དེ་བདེན་པ་མིན་པ་ར་འཕྲོད་བྱས་ཡོད། ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་སྐོར་གྱི་ཆེད་མཁས་པ་དང་འཇར་མན་མཱར་ཤོལ་ཐེབས་རྩ་ཚོགས་པའི་ཨེ་ཤི་ཡའི་ལས་གཞིའི་འགན་འཛིན་ཀི་ལའེ་དབྱི་ཡིས་འདི་གའི་ཨ་རིའི་རླུང་འཕྲིན་ཁང་ལ་ཡིག་ཆུང་ཞིག་བསྐུར་ཡོད་པ་ལས། ཨ་རི་དང་རྒྱ་ནག་གཉིས་ཀྱི་དཔོན་རིགས་ཚོས་རིང་མིན་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཚོགས་འདུའི་སྐབས་སུ་དབུ་ཁྲིད་གཉིས་ཐུག་འཕྲད་ཡོང་རྒྱུར་དམིགས་ཡུལ་གསལ་པོ་ཡོད་པའི་ཐོག་ནས་གོ་བསྡུར་གནང་གི་ཡོད་སྲིད་པ་དང་། ཁོང་རང་རྒྱ་ནག་གི་ཆེད་མཁས་པ་ཚོ་དང་བགྲོ་གླེང་བྱེད་དུས་ཁོ་ཚོས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཡག་ཏུ་འགྲོ་ཐུབ་རྒྱུའི་གོ་སྐབས་དེ་དམ་འཛིན་ལེགས་པོ་བྱ་འདོད་ཡོད་པའི་རྣམ་འགྱུར་བསྟན་སོང་ཞེས་བརྗོད་འདུག

ཞི་ཅིན་ཕིང་དང་ཝང་དབྱི་གཉིས་ཚོགས་འདུ་གལ་ཆེན་ཁག་ལ་བཅར་མེད་པའི་རྒྱབ་ལྗོངས།

ཧོབ་ཁིན་སི་གཙུག་ལག་སློབ་ཆེན་གྱི་ཕྱི་འབྲེལ་སྲིད་ཇུས་སྐོར་གྱི་ཉམས་ཞིབ་པ་ཏེ་ཝེ་ཊི་ལམ་ཐོན་ལགས་ནས་གསུངས་དོན་ལ། པེ་ཅིན་ལ་མཚོན་ནས་བཤད་ན། བྷ་ཌན་མཆོག་གིས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་སྤེལ་བའི་གཏམ་བཤད་ཀྱི་ནང་དོན་དང་ཨ་རིའི་གཞུང་གི་ལངས་ཕྱོགས་གཅིག་མཐུན་ཆགས་ཡོད། ཡིན་ན་ཡང་ཞི་ཅིན་ཕིང་དང་ཝང་དབྱི་གཉིས་པོ་ཚོགས་ཆེན་ཐོག་བཅར་མེད་པའི་ཐོག རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་དང་ཕྱི་སྲིད་བློན་ཆེན་ཟུར་པ་གཉིས་སྔ་ཕྱིར་གར་སོང་ཆ་མེད་ཆགས་ཡོད་པའི་གནས་ཚུལ་དེར་མི་ཚོར་དོ་སྣང་ཤུགས་ཆེ་སླེབས་བཞིན་ཡོད་པ་རེད།

ཨ་རིའི་རྒྱལ་ཁབ་བདེ་འཇགས་སློབ་སྟོན་པ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཉིས་༢༠༢༣ ལོའི་ཟླ་༩ ཚེས་༡༦ ཉིན་མཱར་ཊ་རུ་མཇལ་འཕྲད་གནང་།
ཨ་རིའི་རྒྱལ་ཁབ་བདེ་འཇགས་སློབ་སྟོན་པ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཉིས་༢༠༢༣ ལོའི་ཟླ་༩ ཚེས་༡༦ ཉིན་མཱར་ཊ་རུ་མཇལ་འཕྲད་གནང་།

ཨ་རིའི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་སློབ་སྟོན་པ་ཇེ་ཁེ་སུའུ་ལི་ཝེན་ལགས་ལ་ཆ་རྒྱུས་ཡོད་མཁན་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་དབྱི་ཡིས་ཞི་ཅིན་ཕིང་དང་བྷ་ཌན་གཉིས་ཀྱི་མཇལ་མོལ་སྐོར་ལ་གྲ་སྒྲིག་བྱེད་བཞིན་ཡོད་པའི་རྐྱེན་གྱིས་ད་རེས་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་རྒྱ་ནག་གི་སྐུ་ཚབ་ལ་དམར་ཤོག་ཚོགས་པའི་འགོ་ཁྲིད་གཞོན་པ་ཧན་ཀྲེང་བཏང་ཡོད་པ་དེ་ལོ་རྒྱུས་ཐོག་བྱུང་མྱོང་མེད་ཀྱང་ལུགས་མཐུན་ལྟ་བུ་ཆགས་ཡོད། ཞི་ཅིན་ཕིང་གིས་ཕྱི་ནང་གཉིས་ནས་འགྲན་སློང་མང་པོ་ཞིག་ལ་གདོང་ལེན་བྱེད་དགོས་དང་། བྷ་ཌན་འཛིན་སྐྱོང་གིས་ཀྱང་ཨ་རི་དང་རྒྱ་ནག་གཉིས་དབར་ཟིང་འཁྲུག་མི་འབྱུང་རྒྱུའི་ཆེད་དུ་སྤྱི་ཟླ་༡༡ པའི་ནང་གི་མཇལ་མོལ་དེར་རེ་ལྟོས་བྱེད་བཞིན་ཡོད་པ་དེ་གསལ་པོ་ཆགས་འདུག

རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཞི་ཅིན་ཕིང་གིས་སྤྱི་ཟླ་༩ པའི་ཚེས་༡༢ ཉིན་ལ། འཛམ་གླིང་ཐོག་གི་རྒྱལ་ཁབ་ཆེན་པོ་གཉིས་ཡིན་པའི་ཆ་ནས། ཨ་རི་དང་རྒྱ་ནག་གཉིས་ཀས་འབྱུང་འགྱུར་འཛམ་གླིང་སྤྱིའི་ཞི་བདེ་དང་བརྟན་བརླིང་། ཡར་རྒྱས་དང་གོང་འཕེལ་ལ་གཙོ་འགན་བཞེས་དགོས་ཀྱི་ཡོད་ཙང་། ཕན་ཚུན་གུས་བརྩི་བྱས་པའི་ཐོག་ནས་ཞི་བདེ་མཉམ་གནས་དང་མཉམ་ལས་གཉིས་ཕན་གྱི་ཕུགས་བསམ་མངོན་འགྱུར་ཡོང་དགོས་པ་རེད་ཅེས་བརྗོད་མྱོང་ཡོད་པ་རེད། དཔྱད་བརྗོད་པ་ཡུས་ཕིང་གིས་བརྗོད་དོན་ལ། ཨ་རིས་ད་ལྟ་རྒྱ་ནག་དང་དམག་ལངས་རྒྱུའི་ཉེན་ཁ་ལ་བློ་འཚབ་སྐྱེ་བཞིན་ཡོད་པར་བརྟེན། རྒྱ་ནག་དང་དམག་གི་གདོང་ཐུག་དང་དཔལ་འབྱོར་གྱི་འབྲེལ་ལམ་གཙང་བཅད་བྱ་རྒྱུར་སྔོན་འགོག་བྱེད་དགོས་ཀྱི་རེད། གལ་སྲིད་རྒྱ་ནག་གི་གསང་མྱུལ་ལྒང་བུའི་དོན་རྐྱེན་དེ་ཨ་རིའི་སྲིད་འཛིན་འོས་བསྡུ་སྐབས་ལ་འཁེལ་ཡོད་པ་ཡིན་ན། བྷ་ཌན་དང་དམངས་གཙོ་ཚོགས་པ་ལ་གནོད་ཆེན་པོ་བསྐྱལ་རྒྱུ་གཏན་ཁེལ་རེད་འདུག

ཨ་རི་དང་རྒྱ་ནག་གཉིས་དབར་ཕྱོགས་མང་རིང་ལུགས་སྐོར་གྱི་འགྲན་རྩོད་གསར་པ།

ཕོ་བྲང་དཀར་པོས་བརྗོད་དོན་ལ། སྲིད་འཛིན་བྷ་ཌན་མཆོག་གིས་རེས་གཟའ་མིག་དམར་ཉིན་ལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་ཨ་རིས་གཙོ་ཁྲིད་བྱེད་བཞིན་པའི་འཛམ་བུ་གླིང་སྤྱིའི་སྒྲིག་སྲོལ་སྐོར་ལ་གཏམ་བཤད་གནང་སྟེ། རྒྱལ་ཁབ་ཁག་ཕན་ཚུན་མཉམ་རུབ་ཀྱིས་འཛམ་གླིང་གི་གནད་དོན་ཛ་དྲག་ཅན་ཐག་གཅོད་བྱེད་དགོས་ལུགས་སྐོར་ལ་ནན་བརྗོད་དང་སྦྲགས། མཉམ་འབྲེལ་རྒྱལ་ཚོགས་བརྒྱུད་ནས་ད་ཕན་འཛམ་གླིང་ཐོག་གི་ཟིང་འཁྲུག་ཐག་གཅོད་ཡག་པོ་བྱུང་ཐུབ་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་དང་ཁྲིམས་སྐྱོང་སྲུང་སྐྱོབ་བྱས་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཡར་རྒྱས་ལ་ཐུགས་ཕན་གསོས་ཡོད་པ་སོགས་དྲན་གསོ་དང་སྦྲགས་ནས་གསུངས་ཡོད་པ་དང་། ཉིན་དེ་ག་རང་ལ་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་གཞོན་པ་ཧན་ཀྲེང་གིས་ཚོགས་ཆེན་དེའི་ཐོག་ལ། གོང་འཁོད་ཞི་ཅིན་ཕིང་གི་གཏམ་བཤད་ཀྱི་ནང་དོན་ལུང་དྲངས་ཏེ། དོན་དམ་ལ་རྒྱལ་ཁབ་ཚང་མས་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་ལག་ལེན་བསྟར་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་༢༠༣༠ ལོའི་ལས་རིམ་དེ་དག་དོན་ཐོག་འཁྱོལ་ཐུབ་རྒྱུར་རམ་འདེགས་དང་མཐུན་རྐྱེན་གང་ལེགས་བསྐྲུན་དགོས་ཚུལ་བརྗོད་འདུག

དཔྱད་བརྗོད་པ་ཡུས་ཕིང་གིས་བརྗོད་དོན་ལ། རྒྱ་ནག་གིས་ལྷོ་ཕྱོགས་རྒྱལ་ཁབ་ཁག་དང་འབྲེལ་ལམ་དམ་ཟབ་གཏོང་བཞིན་པ་དེས་ཨ་རི་དང་ཡུ་རོབ་ཀྱི་ཁེ་ཕན་ལ་གནོད་ཀྱི་ཡོད་པའི་རྐྱེན་གྱིས་སྲིད་འཛིན་བྷ་ཌན་མཆོག་ལྷོ་ཕྱོགས་རྒྱལ་ཁབ་ཁག་དང་འབྲེལ་ལམ་དམ་པོ་བཟུང་ནས་རྒྱ་ནག་ལ་ཁ་གཏད་གཅར་དགོས་ཀྱི་རེད། དེ་བཞིན་ཞི་ཅིན་ཕིང་གིས་ཀྱང་འབྱོར་ལྡན་རྒྱལ་ཁབ་༢༠ ཡི་ཚོགས་ཆེན་ཐོག་ཏུ་མ་བཅར་བར་ཤུགས་སུ་ཨ་རི་ལ་རྣམ་འགྱུར་བསྟན་ཡོད་པ་རེད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་༢༠༡༩ ལོའི་ཟླ་༤ ཚེས་༢༦ ཉིན་པེ་ཅིང་དུ་རྒྱུད་གཅིག་ལམ་གཅིག་གླེང་སྟེགས་སྟེང་གཏམ་བཤད་གནང་།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་༢༠༡༩ ལོའི་ཟླ་༤ ཚེས་༢༦ ཉིན་པེ་ཅིང་དུ་རྒྱུད་གཅིག་ལམ་གཅིག་གླེང་སྟེགས་སྟེང་གཏམ་བཤད་གནང་།

རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་བྷ་ཌན་མཆོག་གི་གཏམ་བཤད་ནང་རྒྱ་ནག་ཅེས་མིང་འདོན་གནང་མེད་ཀྱང་། སྲིད་དོན་དབྱེ་ཞིབ་པ་ཚོས་བརྗོད་ཚུལ་ལྟར་ན། གཏམ་བཤད་ཀྱི་ནང་དོན་དེ་དོན་དམ་ལ་རྒྱ་ནག་དམར་ཤོག་འགོ་ཁྲིད་ཞི་ཅིན་ཕིང་གིས་ཉེ་བའི་ལོ་ཤས་རིང་ལ་བཏོན་པའི་གོ་ལའི་ཡར་རྒྱས་ཀྱི་གྲོས་གཞི་ཞེས་པ་དང་། གོ་ལའི་བདེ་འཇགས་སྐོར་གྱི་གྲོས་གཞི་ཞེས་པ། དེ་བཞིན་གོ་ལའི་དཔལ་ཡོན་སྐོར་གྱི་གྲོས་གཞི་ཞེས་པ་དང་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་ལ་སོགས་པ་འཛམ་གླིང་སྤྱི་ལ་དམིགས་ནས་བཏོན་པའི་ལས་གཞི་དེ་དག་ལ་ཕྱོགས་ཡོངས་ནས་དགག་ལན་སྤྲད་ཡོད་པ་ཞིག་རེད། ཨ་རིའི་ཆིས་ཀ་ཀོ་གོ་ལའི་ལས་དོན་ལྷན་ཚོགས་ཀྱི་ཉམས་ཞིབ་པ་ཕོག་ཧེའོ་ལགས་ནས་གསུངས་དོན་ལ། བྷ་ཌན་མཆོག་གི་གཏམ་བཤད་ནི་རྒྱ་ནག་ལ་བརྡ་ལན་སྤྲོད་སྟངས་ཤིག་ཡིན་ཞིང་། དེ་ནི་རྒྱལ་ཚོགས་སུ་ཕྱོགས་མང་རིང་ལུགས་ཀྱི་ལྟ་གྲུབ་ཐ་དད་ཆགས་ཡོད་པ་དེ་གཉིས་བར་གྱི་འགྲན་རྩོད་ཅིག་རེད། བྷ་ཌན་མཆོག་གི་གཏམ་བཤད་ནང་ཁར་ཐུག་རྒྱ་ནག་ཅེས་མཚན་འདོན་གནང་མེད་ཀྱང་། མཉམ་ལས་བྱེད་དགོས་ཞེས་འབོད་སྐུལ་གནང་དུས་རྒྱ་ནག་སྐོར་ལ་གསུངས་མེད་པར་མ་ཟད་ཁོང་གིས་རྒྱ་ནག་དེ་བཞིན་འགྲན་སློང་བྱེད་མཁན་ཞིག་ཏུ་བརྩིས་གནང་ཡོད་པ་རེད།

ཐེངས་འདིའི་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཏུ་སྲིད་འཛིན་བྷ་ཌན་མཆོག་གིས་གསུངས་གསལ་ལ། འབྱོར་ལྡན་རྒྱལ་ཁབ་བདུན་གྱིས་ཕན་ཚུན་མཉམ་ལས་ཐོག ༢༠༢༧ ལོའི་བར་གཞི་རྩའི་རྨང་གཞི་འཛུགས་སྐྲུན་སྐོར་ལ་ཨ་སྒོར་དུང་ཕྱུར་༦༠༠༠ འགྲོ་གྲོན་གཏང་རྒྱུའི་ཁས་ལེན་གནང་ཡོད་པ་དང་། ཨ་རིས་ད་བར་ཨ་སྒོར་དུང་ཕྱུར་༣༠༠ འགྲོ་སོང་བཏང་ཚར་ཡོད་པ་རེད། ཨ་རིས་བཟོ་ལས་དང་ཁོར་ཡུག ཤེས་རིག་བདག་དབང་སོགས་ཀྱི་ཁྱབ་ཁོངས་ནས་འགྲན་བསྡུར་བྱེད་ཞོར། བུ་ལོན་གྱི་ཉམས་ཉེས་ནང་མི་ལྷུང་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་ཅེས་དང་། མངའ་ཁོངས་བདག་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱ་རྒྱུ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་རྩའི་རྩ་འཛིན་ཡིན་པར་མ་ཟད། རྒྱལ་ཁབ་ཕན་ཚུན་བར་དོ་སྙོམས་ཡོང་བྱེད་ཀྱི་སྲོག་ཤིང་ལྟ་བུ་ཆགས་ཡོད་པས། རྩ་དོན་དེ་ཚོ་ནི་དུས་དང་རྣམ་པ་ཀུན་དུ་རྟག་བརྟན་འགྱུར་མེད་དུ་གནས་རྒྱུ་རེད་ཅེས་གསུངས་འདུག

XS
SM
MD
LG