ཨ་རིའི་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་༣ པའི་ཚེས་༡ རེས་གཟའ་སྤེན་པའི་ཉིན། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་དབྱིན་ཡིག་དེ་ཨ་རིའི་གཞུང་འབྲེལ་སྐད་ཡིག་ཏུ་གཏན་འབེབས་བྱས་པའི་འཛིན་སྐྱོང་བཀོད་ཁྱབ་ཅིག་ལ་མཚན་རྟགས་བསྐྱོན་འདུག།
འཛིན་སྐྱོང་བཀོད་ཁྱབ་དེ་བཞིན་དབུས་གཞུང་གི་རོགས་སྐྱོར་བྱེད་བཞིན་པའི་གཞུང་གི་ལས་ཁུངས་དང་སྒྲིག་འཛུགས་ཁག་ལ་དབྱིན་ཡིག་མ་ཡིན་པའི་སྐད་ཡིག་གཞན་པའི་ཐོག་ཡིག་ཆ་དང་ཞབས་ཞུ་མུ་མཐུད་སྤྲོད་དགོས་མིན་འདེམས་ཆོག་པའི་དབང་ཆ་སྤྲད་འདུག།
འཛིན་སྐྱོང་བཀོད་ཁྱབ་དེས་སྲིད་འཛིན་ཟུར་པ་བྷིལ་ཁི་ལིན་ཊོན་གྱིས་གཞུང་དང་ཚོགས་པ་ཁག་གིས་དབྱིན་སྐད་མི་ཤེས་མཁན་ཚོར་སྐད་ཡིག་རོགས་རམ་སྤྲོད་དགོས་པའི་འཛིན་སྐྱོང་བཀོད་ཁྱབ་དེ་མེད་པར་བཟོས་ཡོད་པ་རེད།
འཛིན་སྐྱོང་བཀོད་ཁྱབ་དེ་ལས་དབྱིན་སྐད་གཞུང་འབྲེལ་སྐད་ཡིག་ཏུ་གཏན་འབེབས་བྱས་པ་དེས་ཕན་ཚུན་འབྲེལ་ལམ་འཛུགས་པ་སྟབས་བདེ་རུ་གཏོང་བ་ཙམ་མ་ཟད། རྒྱལ་ཁབ་ཀྱི་ཐུན་མོང་གི་རིན་ཐང་ཤུགས་ཆེ་རུ་གཏོང་བ་དང་། མཐུན་སྒྲིལ་དང་ལས་ཆོད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་ཐུབ་རྒྱུ་རེད། ཅེས་འཁོད་འདུག།
དེ་ལས་ད་དུང་ཨ་རི་བ་གསར་པ་ཚོར་དགའ་བསུ་ཞུ་བའི་བརྒྱུད་རིམ་ནང་། ང་ཚོའི་རྒྱལ་ཁབ་ཀྱི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་ཡོང་བར་སྐུལ་སློང་བྱེད་པའི་སྲིད་ཇུས་ཀྱིས་ཨ་རི་དེ་བཞིན་ཐུན་མོང་གི་ཁྱིམ་ཚང་ཞིག་ཏུ་ཆགས་ཐུབ་རྒྱུ་དང་། མི་སེར་གསར་པ་ཚོར་ཨ་རིའི་རྨི་ལམ་མངོན་འགྱུར་བྱེད་པའི་ནུས་པ་སྤྲོད་རྒྱུ་ཡིན། ཞེས་དང་། དབྱིན་སྐད་བཤད་ཐུབ་པ་དེས་དཔལ་འབྱོར་གྱི་སྒོ་མོ་ཕྱེ་བ་ཙམ་མ་ཟད། ཕྱི་མི་གནས་སྤོ་བ་གསར་པ་ཚོར་ས་གནས་ཀྱི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་སྲོལ་རྒྱུན་ནང་མཉམ་ཞུགས་ཀྱིས་སྤྱི་ཚོགས་ལ་ཕན་བདེ་བསྐྲུན་རྒྱུར་ཕན་ཐོགས་ཡོད། ཅེས་འཁོད་འདུག།
གླེང་སྟེགས།