༄༅། །ཟླ་བ་༤ པའི་ཚེས་༢༥ ཉིན་ལ་པོར་ཅུ་གྷལ་དུ་དམངས་གཙོའི་གཞུང་ཚུགས་ནས་ལོ་ངོ་༥༠ འཁོར་བའི་དུས་དྲན་ཚུགས་ཀྱི་ཡོད་ཅིང་། འདི་ནས་ཡར་བརྩིས་པའི་མི་ལོ་༥༠ ཡི་གོང་སྟེ། ༡༩༧༤ ལོའི་སྤྱི་ཟླ་༤ པའི་ཚེས་༢༥ ཉིན་ལ་པོར་ཅུ་གྷལ་དུ་དམག་གིས་སྲིད་འགྱུར་ལངས་ནས་གཞུང་རྙིང་པ་དེ་མགོ་རྟིང་སློག་སྟེ། ཨ་ཧྥེ་རི་ཀའི་གླིང་ཆེན་ནང་གི་མི་སེར་སྤེལ་བའི་དམག་འཁྲུག་མཚམས་འཇོག་བྱས་ཡོད་པ་དང་། ཡུ་རོབ་ནུབ་མའི་གཞུང་རྙིང་ཤོས་ཤིག་དུས་ཡུན་ཆུ་ཚོད་འགའ་ཤས་ནང་ཟུངས་ཁྲག་གི་འགྲོ་གྲོན་མ་དགོས་པར་མགོ་རྟིང་སློག་ཐུབ་དོན་ཡང་། དེའི་ཚེ་དེའི་དུས་ཀྱི་མི་མང་གིས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པའི་པོར་ཅུ་གྷལ་གྱི་དམག་དཔུང་གི་གྱེན་ལོག་ལ་རག་ལས་ཡོད་པ་རེད།
གཞོན་སྐྱེས་དམག་མི་ཚོས་མེ་མདའི་སོ་ཁ་དེ་ཀོང་ཏོག་མེ་ཏོག་གིས་བརྒྱན་པའི་གཞུང་འཛིན་གྱི་ཕྱོགས་སུ་གཏད་ཅིང་། མི་མང་རྣམས་༡༩༢༦ ལོ་ནས་དབང་བསྒྱུར་འགོ་ཚུགས་པའི་སྒེར་གཅོད་ཀྱི་གཞུང་དེའི་འོག་ནས་ཐར་བར་བྱས་ཏེ། སྲིད་འབྱོར་རིག་གསུམ་སྤྱི་ཚོགས་དང་བཅས་པ་སྡེ་གཟར་སྐྱས་འུར་གྱི་ཀློང་ལས་སྐྱོབ་པའི་དཔའ་བོའི་ངང་ཚུལ་བཟུང་བར་བརྟེན། དམག་གི་སྲིད་འགྱུར་དེ་བཞིན་༡༩༧༤ ལོའི་སྤྱི་ཟླ་༤ པའི་ཚེས་༢༥ ཉིན་པོར་ཅུ་གྷལ་དུ་རང་དབང་དམངས་གཙོའི་འོས་འདེམས་དབུ་ཚུགས་པའི་རྐྱེན་རྩ་གཙོ་བོ་ཞིག་ཏུ་ཆགས་ཤིང་། པོར་ཅུ་གྷལ་གྱི་ཨ་ཧྥེ་རི་ཀའི་ནང་གི་མི་སེར་སྤེལ་ཡུལ་མཐའ་མ་སྟེ། ཨན་གྷོ་ལ་དང་། མོ་ཟམ་བྷི་ཁེ། གྷུ་ནེ་ཡ་བྷི་ས་དང་ཁ་ཕེ་ཝར་ཌེ་བཅས་རང་དབང་རང་བཙན་ཐོབ་པའི་ལམ་ཁ་ཡང་ཕྱེ་ཡོད་པ་རེད།
༡༩༧༤ ལོར་སླེབས་མཚམས་སུ་པོར་ཅུ་གྷལ་གྱིས་གོང་ཞུས་ཨ་ཧྥེ་རི་ཀའི་གླིང་ཆེན་གྱི་ལུང་པ་དེ་གསུམ་གྱི་ནང་ལ་མི་སེར་སྤེལ་བའི་དམག་འཁྲུག་ལངས་ལོ་ངོ་༡༣ ཕྱིན་ཡོད་པ་དང་། པོར་ཅུ་གྷལ་གྱི་སྲིད་དབང་སྒེར་གཅོད་དང་། མི་རིགས་རིང་ལུགས་ཐལ་མཐའ་བའི་གཞུང་དེས་མི་རྒྱུ་གཉིས་ཆ་ནས་འབ་སུ་མ་འདུས་པའི་གནས་སུ་ལྷུང་ཞིང་། དམག་འཁྲུག་གི་དུས་ཡུན་ནར་འགྱངས་ཀྱིས་མཐའ་གསལ་ངེས་གཏན་མེད་པར་སོང་། དམག་མི་གསར་པ་རྒྱབ་སྣོན་དང་དམག་རྒྱགས་མཁོ་འདོན་གྱི་དཀའ་ངལ་ཇི་སྙེད་ཅིག་འཕྲད་དེ། དམག་དཔུང་ནང་ཁུལ་དུ་ཆབ་སྲིད་ཀྱི་སྒྲིག་འཛུགས་རྙོག་འཛིང་ཆེ་བ་དང་། མདུན་ཕྱོགས་གཡུལ་ས་ནས་མེ་འཕེན་མཚམས་འཇོག་ཡོང་ཐབས་སུ་སྲིད་དོན་གྱི་ཐོག་ནས་ལ་ཉག་མཛོ་གཟེངས་ཀྱིས་གྲོས་མོལ་གྱི་ལམ་ནས་ཐག་གཅོད་མི་བྱ་ཀ་མེད་བྱུང་ལ། དམག་དཔུང་གི་བྱེད་བབ་དེ་མི་དམངས་ཀྱི་མངོན་འདོད་དང་རྩེ་མཐུན་བྱུང་སྟབས། སྤྱི་ཟླ་༤ པའི་ནང་མདའ་དཔོན་ཨོ་ཐེ་རོ་ས་ལེ་ཝ་ཌེ་ཁར་ཝ་ལོ་ལགས་Otero Saleva de Carvalho ཀྱིས་ཇི་ལྟར་བར་འདུམ་གནང་བ་ལྟར་གཞུང་བརྗེ་པོ་བརྒྱབ་པའི་མཛད་རིམ་ཞི་བའི་སྒོ་ནས་བསྒྲུབས་ཐུབ་པ་བྱུང་ཡོད་པ་རེད།
ལོ་རྒྱུས་ཉམས་ཞིབ་པ་མཱ་རི་ཡ་ཨི་ནཱ་སི་ཨ་རེ་ཛོ་ལ་Maria Inacia Rezola ལགས་ཀྱིས་དུས་དྲན་གྱི་བྱེད་སྒོ་གོ་སྒྲིག་གནང་ཁོངས་ལས། དུས་དྲན་གྱི་བྱེད་སྒོ་བརྒྱ་ཕྲག་འགའ་ཤས་ཡོད་པ་དང་། རེས་གཟའ་ཕུར་བུའི་ཉིན། སྐབས་དེའི་སྲིད་འགྱུར་ནང་དངོས་སུ་མཉམ་ཞུགས་གནང་མཁན་དམག་མི་༥༠༠༠ ཐམ་པའི་ནང་ནས་འགའ་ཤས་འདེམས་སྒྲུག་གིས་དམག་གི་རླངས་འཁོར་ལ་བཞུགས་ཏེ་ས་ལེ་བྷོན་གྲོང་ཁྱེར་གྱི་དཀྱིལ་དུ་རུ་སྒྲིག་རྔམ་སྟོན་གནང་རྒྱུ་དང་། ད་ལན་གྱི་དུས་དྲན་མཛད་སྒོ་དེ་བཞིན་ནམ་རྒྱུན་དང་མ་འདྲ་བར་རྒྱུན་སྲོལ་གྱི་རྔམ་སྟོན་ཁྲོམ་བསྐོར་ལས་གཞན། སྔར་པོར་ཅུ་གྷལ་གྱི་མི་སེར་སྤེལ་ཡུལ་ཡིན་པའི་ཨ་ཧྥེ་རི་ཀ་གླིང་ཆེན་གྱི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམས་ཀྱང་མཉམ་ཞུགས་གནང་གི་ཡོད་པའི་གནས་ཚུལ་ཐོན་འདུག།
རེས་གཟའ་པ་སངས་ཉིན་ལ་སྤེལ་བའི་རྟོག་ཞིབ་སྙན་ཐོ་ཞིག་ལས་གསལ་བ་ལྟར་ན། དྲི་བ་འདྲི་ཡུལ་གྱི་ཁོངས་སུ་ཚུད་པའི་མི་གྲངས་ཕྱེད་ཀ་ཙམ་གྱིས་གཞུང་རྙིང་པར་ལྟ་ཕྱོགས་སྡུག་ཅག་འཛིན་གྱི་ཡོད་ཀྱང་། བརྒྱ་ཆ་ལྔ་ཙམ་ཞིག་གིས་ཡག་པོ་མཐོང་གི་ཡོད་པ་རེད། ཧ་ལམ་གསུམ་ཆ་གཉིས་སམ་བརྒྱ་ཆ་དྲུག་བཅུ་རེ་ལྔ་ཡས་མས་ཤིག་གིས་ཀོང་ཏོག་མེ་ཏོག་གི་གསར་བརྗེའམ་༡༩༧༤ ལོའི་པོར་ཅུ་གྷལ་གྱི་གཞུང་གསར་རྙིང་བརྗེ་བའི་སྲིད་དོན་གྱི་འགྱུར་ལྡོག་དེ་ནི་པོར་ཅུ་གྷལ་གྱི་རྒྱལ་རབས་ལོ་རྒྱུས་ནང་གི་དོན་དག་གལ་ཆེ་ཤོས་ཤིག་ཏུ་འདོད་ཀྱི་ཡོད་ཅིང་། གལ་གནད་ཆེ་ལོད་ཀྱང་༡༩༡༠ ཐམ་པའི་ལོར་རྒྱལ་པོའི་ལམ་ལུགས་མཇུག་བསྒྲིལ་བ་དང་། ༡༩༨༦ ལོར་ཡུ་རོབ་མནའ་འབྲེལ་ཁོངས་སུ་འཛུལ་ཞུགས་བྱས་པ་ལས་ཀྱང་གལ་འགངས་ཆེ་བ་བརྩི་བཞིན་འདུག།
ལོ་རྒྱུས་ཉམས་ཞིབ་པ་མཱ་རི་ཡ་ཨི་ནཱ་སི་ཨ་རེ་ཛོ་ལ་Maria Inacia Rezola ལགས་ཀྱིས་༡༩༧༤ ལོའི་བར་དུ་པོར་ཅུ་གྷལ་ནི་རྗེས་ལུས་ཀྱི་དང་དབུལ་ཕོངས། འཛམ་བུ་གླིང་ལ་འབྲེལ་འདྲིས་མེད་པའི་རྒྱལ་ཁབ་ཅིག་ཡིན་ཡང་། ༡༩༧༤ ལོའི་སྤྱི་ཟླ་༤ པར་བྱུང་བའི་དོན་རྐྱེན་དེའི་རྗེས་སུ་ཁྱོན་ཡོངས་ནས་ཡར་རྒྱས་ཕྱིན་ཡོད་པ་འདོད་ཀྱི་ཡོད་འདུག།
གླེང་སྟེགས།