ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

ཨིན་ཌོ་ནི་ཤི་ཡའི་ནང་ཡི་ཤུའི་བླ་ཆེན་མཆོག་ཆོས་ལུགས་མཛའ་མཐུན་གོང་འཕེལ་གཏོང་ཐབས་ལ་གནང་རྒྱུ་ཡིན་པ།


Seorang perempuan menunjukkan contoh perangko seri baru menjelang kunjungan Paus Fransiskus di Katedral Jakarta, Jakarta, pada 2 September 2024. (Foto: AFP/Dwi Aqila)
Seorang perempuan menunjukkan contoh perangko seri baru menjelang kunjungan Paus Fransiskus di Katedral Jakarta, Jakarta, pada 2 September 2024. (Foto: AFP/Dwi Aqila)

གཟའ་འཁོར་འདིའི་ནང་ཡི་ཤུའི་བླ་ཆེན་པོབ་ ཧྥི་རན་སིས་མཆོག་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གཅིག་ལ་ཆོས་འབྲེལ་འཚམས་གཟིགས་གནང་རྒྱུ་ཡིན་ཅིང་། སྐབས་དེར་ཨིན་ཌོ་ནི་ཤི་ཡའི་གྲོང་ཁྱེར་ཇ་ཀར་ཏའི་ནང་ཁ་ཆེ་དང་ཡི་ཤུའི་ཆོས་དད་པ་ཚོའི་དབར་མཛའ་མཐུན་ཡོང་ཐབས་ལ་དགོངས་པ་ཆེ་བཞེས་ཀྱིས་ཁུལ་དེར་ཡི་ཤུའི་ལྷ་ཁང་ལེ་ཌི་ཨོཧྥ་ཨེ་སུམ་ཤོན་ཞེས་པ་དེ་དང་། ཁ་ཆེའི་ཕྱག་འཚལ་ཁང་ཨིས་ཏིག་ལལ་ཞེས་པ་གཉིས་དབར་རྒྱང་ཚད་མི་ཀྲར་༢༨་༣ གྱི་ས་འོག་སྦུག་ལམ་འཛུགས་སྐྱུན་བྱེད་ཡུལ་དེར་ཆོས་ཕྱོགས་ཀྱི་མཛད་སྒོ་ཞིག་གནང་འཆར་འདུག་ཅིང་། ཁ་ཆེ་དང་་ཡི་ཤུའི་ཆོས་ཁང་གཉིས་དབར་གྱི་ས་འོག་སྦུག་ལམ་མཛའ་མཐུན་གྱི་སྦུག་ལམ་ཞེས་པ་དེ་ཕྱི་ལོ་༢༠༢༠་ལོར་ཁ་ཆེ་དང་ཡི་ཤུའི་ཆོས་དད་པ་ཚོའི་དབར་འབྲེལ་མཐུད་བཟང་དུ་གཏོང་རྒྱུར་་དམིགས་ནས་འཆར་འགོད་བྱས་འདུག

དགུང་གྲངས་༨༧་ལ་ཕེབས་པའི་ཡི་ཤུའི་བློན་ཆེན་གྱིས་གཟའ་འཁོར་འདིའི་རེས་གཟའ་མིག་དམར་ཉིན་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་འཚམས་གཟིགས་ཐོག་མ་དེ་འཛམ་གླིང་ནང་ཁ་ཆེའི་མི་འབོར་མང་ཤོས་ཡིན་པའི་རྒྱལ་ཁབ་ཨིན་ཌོ་ནི་ཤི་ཡར་ཕེབས་ཀྱི་ཡོད་པ་དང་། དེ་རྗེས་པ་པུའ་ ནིའུ་གྷི་ནི་ཡ། ཤར་ཏི་མོར། སིང་གྷ་པོར་བཅས་ལ་རིམ་པས་ཆིབས་སྒྱུར་གནང་རྒྱུ་རེད་འདུག

དད་ལྡན་པ་མང་པོས་་དགའ་ཚོར་ཆེན་པོའི་སྒོ་ནས་ངང་སྒུག་ཞུ་བཞིན་ཡོད་ནའང་། གཞན་མང་པོས་བླ་ཆེན་མཆོག་དགུངས་ལོ་མཐོ་བ་དང་སྐུ་གཟུགས་གནས་སྟངས་ལ་བློ་འཚབ་བྱེད་མཁན་ཡང་མང་པོ་ཡོད་པ་རེད། ཁ་ཆེའི་ཕྱག་འཚལ་ཁང་ཨིས་ཏིག་ལལ་གྱི་མཆོད་དཔོན་ན་སར་ཨུ་དྷིན་ ཨུ་མར་གྱིས་ཡི་ཤུའི་བླ་ཆེན་མཆོག་ཁུལ་དེར་ཆེད་ཕེབས་གནང་གི་ཡོད་པ་དེ་ནི་དམིགས་བསལ་གྱི་དུས་ཚིགས་གཅིག་ཆགས་ཡོད། རྒྱུན་དུ་ཁ་ཆེའི་ཕྱག་འཚལ་ཁང་གི་རླང་འཁོར་འཇོག་ས་དེར་ཡི་ཤུའི་ཆོས་དད་པ་ཚོར་རླང་འཁོར་འཇོག་བཅུག་གི་ཡོད་པ་བཞིན་ཆོས་ལུགས་གང་ཡིན་ལ་མ་ལྟོས་པར་་སྐུ་མགྲོན་ཁག་ལ་གུས་བརྩི་ཞུ་གི་ཡོད་ཅེས་གསུངས་འདུག

ཨིན་ཌི་ནི་ཤི་ཡའི་མི་འབོར་ས་ཡ་༢༨༠ཡོད་པའི་ནང་ནས་ཡི་ཤུའི་ཆོས་དད་པ་་བརྒྱ་ཆ་༣་ཙམ་ཞིག་མ་རྟོགས་བརྒྱ་ཆ་༩༠་ཙམ་་ཁ་ཆེ་ཡིན་པ་དང་། བླ་ཆེན་མཆོག་ཨིན་ཌོ་ནི་ཤི་ཡའི་སྲིད་བློན་འཁྱུར་ལ་ཉེ་བ་སྐུ་ཞབས་ཇ་ཀོ་ ཝི་ཌོ་ཌོ་དང་མཇལ་འཕྲད་གནང་གི་ཡོད་པ་དང་། གྲོང་ཁྱེར་ཇ་ཀར་ཏའི་ནང་ཆོས་འབྲེལ་མཛད་འཆར་ཡོད་པ་དེའི་སྐབས་མི་མང་བརྒྱད་ཁྲི་ཙམ་འདུ་འཛོམས་བྱ་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་པ་དང་། ཨིན་ཌོ་ནི་ཤི་ཡའི་ནང་དེ་སྔ་ཕྱི་ལོ ༡༩༨༠ ལོཏ་པོན་ཇོན་པོལ་གཉིས་པ་ཆིབས་སྒྱུར་གནང་ཡོད་པ་དེའི་རྗེས་སུ་ཡི་ཤུའི་་བླ་ཆེན་ཞིག་ཕེབས་མེད་པར་བརྟེན་ད་ལམ་གྱི་་ཆིབས་བསྒྱུར་དེར་དད་ལྡན་པ་མང་པོས་་ངང་འགུག་ཞུ་གི་ཡོད།

དེ་ཡང་རང་ལོ་་༧༧་ཡིན་པ་ཅ་དངོས་ཚག་རྩིས་ཚོང་མཁན་་བུད་མེད ས་སོང་ཀོས་ངོས་ལ་་བླ་ཆེན་མཇལ་རྒྱུའི་གོ་སྐབས་བྱུང་བ་ཡིན་ན་ལམ་འཕྲལ་ཞབས་ལ་་ཕྱག་ཚལ་རྒྱུ་མ་གཏོགས་ཞལ་རས་ལ་བལྟ་བ་དང་། ཕྱག་འཇུ་ཐུབ་ས་་མ་རེད་ཅེས་བརྗོད་འདུག ཨིན་ཌོ་ནི་ཤི་ཡའི་ཆོས་རིག་ལས་ཁང་ནས་ཡི་ཤུའི་བླ་ཆེན་གྱི་མཚམས་གཟིགས་འདིས་ཨིན་ཌོ་ནི་ཤི་ཡའི་ནང་ཆོས་ལུགས་ཐེན་འཁྱེར་མེད་པར་འཆམ་མཐུན་ངང་གནས་ཀྱི་ཡོད་པའི་མཚོན་རྟགས་ཤིག་ལ་འགྱུར་གྱི་རེད་གསུངས་འདུག

ཨེ་པི་དང་རུའི་ཌར་གཉིས་ནས་བཏུས།

གསར་འགོད་པ། ཚེ་བརྟན་ཆོས་སྒྲོན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG