ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

པེ་རིས་ཨོ་ལེམ་པིག་གོ་སྒྲིག་གིས་རྩེད་འགྲན་རྗེས་མའི་ཚད་གཞི་མཐོ་རུ་བཏང་བ།


ཊོམ་ཁོ་རོ་སིས་ཕྱི་ལོ ༢༠༢༤ ལོའི་དབྱར་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཚོགས་ཆེན་མཇུག་སྒྲིལ་མཛད་སྒོའི་སྐབས་སུ་ལུས་རྩལ་པ་ཚོའི་སྟེང་དུ་སྦྱར་བའི་ཨོ་ལིམ་ཕིག་རྒྱལ་དར་དེ་བཏགས་པའི་སྦག་སྦག་ཅིག་ལ་ཞོན་ནས་ཕྱིན།
ཊོམ་ཁོ་རོ་སིས་ཕྱི་ལོ ༢༠༢༤ ལོའི་དབྱར་ཁའི་ཨོ་ལིམ་ཕིག་རྩེད་འགྲན་ཚོགས་ཆེན་མཇུག་སྒྲིལ་མཛད་སྒོའི་སྐབས་སུ་ལུས་རྩལ་པ་ཚོའི་སྟེང་དུ་སྦྱར་བའི་ཨོ་ལིམ་ཕིག་རྒྱལ་དར་དེ་བཏགས་པའི་སྦག་སྦག་ཅིག་ལ་ཞོན་ནས་ཕྱིན།

རེས་གཟའ་ཉི་མའི་ཉིན་ཧྥི་རན་སིའི་རྒྱལ་ས་པེ་རིས་ནང་རྒྱལ་སྤྱིའི་ཨོ་ལིམ་པིཀ་རྩེད་འགྲན་དེ་ཚོད་དཔག་བྱས་པ་ལས་བརྒལ་ནས་གོ་སྒྲིག་ཧ་ཅང་ལམ་ལྷོང་ལྡན་པ་བྱུང་བ་དང་། དེས་ཕྱི་ལོ་༢༠༢༨ ལོར་ཨ་རིའི་གྲོང་ཁྱེར་ལོས་ཨེན་ཇི་ལིས་ནང་གོ་སྒྲིག་གི་ཚད་གཞི་མཐོ་རུ་གཏང་རྒྱུར་མིག་ལྟོས་བཟང་པོ་བྱས་ཡོད། དེ་ཡང་ཧྥི་རན་སིའི་་སྲིད་འཛིན་ཨེའེ་མལ་ནོལ་མེཀ་རོན་གྱིས་རྩེད་འགྲན་ཆེན་མོ་དེའི་སྔོན་ཙམ་ལ་གློ་བུར་དུ་རྒྱལ་ཡོངས་འོས་བསྡུ་བྱ་རྒྱུར་གསལ་བསྒྲགས་བྱས་ནས་ཁོང་ལ་རྒྱལ་ཁ་ཆེན་པོ་ཐོབ་རྒྱུའི་རེ་བ་གནང་ཡོད་ཀྱང་། འོས་བསྡུའི་ནང་ཕམ་ཉེས་བྱུང་ནས་རྒྱལ་ཁབ་དེ་བཞིན་ཆབ་སྲིད་ཀྱི་དགག་རྩའི་ནང་ལྷུང་ཡོད་པ་མ་ཟད། རྩེད་འགྲན་སྐབས་སུ་འཇིགས་སྐུལ་བ་སོགས་ཀྱིས་གཏོར་རྒོལ་བྱེད་སྲིད་པའི་བདེ་འཇགས་ཐོག་བློ་འཚབ་བྱུང་ཡོད། དེའི་ཁར་ཧྥི་རན་སིའི་ཡུལ་མིའི་ཁྲོད་མགོ་སྟོད་དུ་རྩེད་འགྲན་ཆེན་མོ་དེ་གོ་སྒྲིག་བྱེད་བའི་བརྒྱུད་རིམ་ལ་རྒྱབ་སྐྱོར་དང་དགའ་མོས་དེ་ཙམ་མ་བྱས་པར་བསུན་རྩིར་བྱེད་མཁན་ཡང་མང་ཙམ་བྱུང་། ཡང་གསར་འགོད་པ་དང་རྩེད་འགྲན་གྱི་སྦྱིན་བདག་ཚོ་ནི་དུས་ཡུན་དེ་ཙམ་མ་སོང་བའི་གོང་པི་ཅིན་དང་དེ་རྗེས་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོ་བཅས་ཀྱི་ནང་རྒྱལ་་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་པའི་སྐབས་སུ་ཏོག་དབྱིབས་ནད་ཡམ་དང་འབྲེལ་བའི་རྙོག་ཁྲ་མང་དག་ཞིག་ལ་གདོང་ལེན་བྱེད་དགོས་བྱུང་བ་བཞིན་ད་ལམ་ཡང་མི་ཚོགས་ཇེ་ཆེའི་འོག་འཕྲོད་བསྟེན་དང་འབྲེལ་བའི་དམ་བསྒྲགས་གང་འདྲ་ཞིག་འོག་གོ་སྒྲིག་བྱེད་ཀྱི་ཡོད་ཀྱང་ཆ་མ་རྟོགས་པའི་བསམ་ཚུལ་བྱུང་། འོན་ཀྱང་ད་ཆ་བདུན་ཕྲན་གཉིས་དང་ཕྱེད་ཀྱི་པེ་རིས་ཨོ་ལེམ་པིག་རྩེད་སྣ་ཁག་གོ་སྒྲིག་དང་མཉམ་ཞུགས་སོགས་གནས་ཚུལ་མི་སྙན་པ་ཕྲན་བུ་བྱུང་བ་ལས་སྤྱི་ཡོངས་ཀྱི་རྩེད་འགྲན་རྣམས་གང་ཅིའི་ཐད་ཚད་མཐོར་ལེགས་གྲུབ་བྱུང་བ་མ་ཟད། རྙོག་གླེང་ཆེ་བ་གང་ཡང་མེད་པར་ཆེས་ལམ་ལྷོང་ལྡན་པར་མཇུག་བསྒྲིལ།

ཕྱི་ལོ་༢༠༢༨ལོའི་རྒྱལ་སྤྱིའི་དབྱར་ཀའི་ཨོ་ལིམ་པིཀ་རྩེད་འགྲན་གྱི་མགྲོན་བདག་ཨ་རིའི་གྲོང་ཁྱེར་ལོས་ ཨེན་ཇེ་ལིས་ཡིས་ད་ལམ་པེ་རིས་གྱོང་ཁྱེར་གྱིས་རྔམ་སྟོན་བྱས་པའི་གཟི་བརྗོད་ལྡན་པར་རྩེད་འགྲན་གྱི་མགྲོན་བདག་བྱས་པ་བཞིན་གྲ་སྒྲིག་ད་ལྟ་ནས་འགོ་འཛུགས་བྱེད་དགོས་པ་མ་ཟད། པེ་རིས་ཡིས་བྱས་པ་ལྟར་ངོ་མཚར་ཅན་ཞིག་བྱེད་དགོས་ངེས་ཡིན། རྩ་བའི་ཧྥི་རན་སིའི་རང་བྱུང་ཁོར་ཡུག་དང་མཛེས་སྡུག་ལྡན་པའི་ཡུལ་ལྗོངས། གྲགས་ཆེ་བའི་སེཨེན་གཙང་པོ་སོགས་ལོངས་སྤྱད་དེ་རྩེད་སྣ་ཁག་གོ་སྒྲིག་བྱས་པ་ལྟར་ཁོར་ཡུག་གཅིག་མཚུངས་མི་དགོས་ཀྱང་། རྩེད་འགྲན་དེ་བཞིན་དོན་དམ་པར་ངོ་མཚར་ཅན་ཞིག་ཡོང་དགོས།

དབྱེ་ཞིབ་པ་ཚོས་གྲོང་ཁྱེར་ལོས་ཨེནཇི་ལིས་ནི་ཨ་རིའི་གློག་བརྙན་འཁྲབ་སྟོན་པའི་ལྟེ་གནས་ཧོ་ལི་ཝུཌ་ལ་ཆགས་པའི་ས་གནས་ཀྱི་ཁྱད་ཆོས། ཡིད་དབང་འཕྲོག་པའི་ཡུལ་སྐོར་བའི་རྒྱལ་ཁམས་ལྟ་བུ་ཌིས་ནི་ལནཌ་ཡོད་པ་སོགས་ཆ་རྐྱེན་དེ་དག་བེད་སྤྱོད་བྱས་ཏེ་ལོས་ཨེན་ཇེ་ལེས་གྲོང་ཁྱེར་ཆེན་མོའི་ཁྱད་ཆོས་ལྡན་པའི་རྩེད་འགྲན་ཞིག་ཏུ་འགྱུར་དགོས་ངེས་རེད་ཅེས་བརྗོད་ཀྱི་ཡོད།

རུའི་ཀྲར་དང་ཨེ་པི་གསར་སྤེལ་ལས་ཁང་གཉིས་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG