རྒྱ་ནག་གི་སྡོམ་རྩིས་ལས་ཁུངས་ཀྱིས་སྤེལ་བའི་གཞི་གྲངས་གསར་ཤོས་ལས་གསལ་བ་ལྟར་ན། ཨ་ཧྥེ་རི་ཁའི་གླིང་ཆེན་ནང་ཡོད་པའི་རྒྱ་ནག་གི་ལས་མིའི་གྲངས་འབོར་དེ། འདས་པའི་ལོ་ངོ་བཅུ་ལྷག་གི་རིང་ལ་གྲངས་འབོར་ཉུང་ཤོས་ཀྱི་ཚད་ལ་སླེབས་ཡོད་པ་དང་། ༢༠༡༥ ལོར་ཨ་ཧྥེ་རི་ཁའི་གླིང་ཆེན་གྱི་ཡུལ་གྲུ་ཁག་ཏུ་རྒྱ་ནག་གི་ལས་མིའི་གྲངས་འབོར་༢༦༣༦༩༦ ལ་སླེབས་མྱོང་ཡོད་པ་ནི་ལོ་རྒྱུས་ཐོག་གྲངས་འབོར་མང་ཤོས་ཤིག་ཆགས་ཡོད་མོད། འོན་ཀྱང་༢༠༢༢ ལོར་ཡུལ་གྲུ་དེའི་ནང་རྒྱ་ནག་གི་ལས་མི་༨༨༣༧༡ ལས་མེད་པ་ཆགས་པ་འདུག།
ཇཱོན་སི་ཧ་ཕུ་ཁིན་སི་ Johns Hopkins གཙུག་ལག་སློབ་གྲྭ་ཆེན་མོའི་རྒྱ་ནག་དང་ཨ་ཧྥེ་རི་ཁའི་གླིང་ཆེན་ཞིབ་འཇུག་སྡེ་ཚན་གྱིས་༢༠༠༩ ལོ་ནས་༢༠༢༢ ལོའི་བར་གྱི་སྡོམ་རྩིས་གཞི་གྲངས་ལ་དབྱེ་ཞིབ་བྱས་པ་བརྒྱུད། ཨ་ཧྥེ་རི་ཁའི་གླིང་ཆེན་གྱི་ཡུལ་གྲུ་ཁག་གི་ནང་རྒྱ་ནག་གི་ལས་མི་ཉུང་དུ་ཕྱིན་པའི་རྒྱུ་མཚན་དེ། ཚད་ངེས་ཅན་ཞིག་གི་ཐོག་ནས་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་ལས་འགྲོ་འོང་བཀག་སྡོམ་བྱས་པའི་དབང་གིས་ཡིན་འདུག། དེ་ལྟར་ལགས་ཀྱང་། ཆེད་མཁས་པ་ཚོས་དབྱེ་ཞིབ་བྱས་པ་ལྟར་ན། གྲངས་འབོར་དེ་བཞིན་མར་ཆག་དོན་ཡང་རྒྱུ་རྐྱེན་རྟེན་འབྲེལ་གཞན་པ་ཇི་སྙིད་ཅིག་ཡོད་ཚུལ་འགྲེལ་བརྗོད་གནང་ཁོངས་ནས། ཡུལ་དེའི་ནང་རྡོ་སྣུམ་གྱི་རིན་གོང་འཕར་བ་དང་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞི་ཅིན་ཕིང་གིས་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་ལག་ལེན་བསྟར་ཕྱོགས་ཐད་འགྲོ་གྲོན་ཉུང་དུ་བཏང་ཡོད་པའི་རྐྱེན་གྱིས་ཡིན་པའང་གསལ་སྟོན་བྱས་འདུག།
གྲངས་འབོར་ཡར་འཕར་སྲིད་དམ།
ད་ཆ་ཡུལ་དུས་ཀྱི་འགྱུར་འགྲོས་དང་བསྟུན་ནས་གྲངས་འབོར་དེ་དག་ཡར་འཕར་སྲིད་མིན་ཐད་རྒྱ་ནག་དང་ཨ་ཧྥེ་རི་ཁའི་ཞིབ་འཇུག་ལས་འཆར་གྱི་འགན་འཛིན་དྷེ་བྷུ་རཱ་བྷུ་རཱོ་ཐི་གྷམ་ Deborah Brautigam ལགས་སུ་བཀའ་འདྲི་ཞུས་པར། ང་ཚོར་༢༠༢༣ ལོའི་གྲངས་ཀ་ལག་སོན་བྱུང་མེད་ཀྱང་། ནར་འགྱངས་ཐལ་ལུས་ཤོར་བའི་ལས་གཞི་ཇི་མང་བསྐྱར་གསོ་ཡོང་བཞིན་པ་གོ་ཐོས་བྱུང་། དེའི་ཕྱིར་ན། ང་ཚོས་སྔོན་མ་ནང་བཞིན་གྱི་གྲངས་འབོར་མང་པོ་དེ་འདྲ་མཐོང་ཐུབ་ཀྱི་མ་རེད་བསམ་གྱི་འདུག། ཅེས་གསུངས་བྱུང་།
དེ་བཞིན་དབྱིན་ཇིའི་རིག་མཛོད་ལས་ཕྱིའི་རྒྱལ་ཁབ་ཀྱི་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཁྲེན་ཡུན་ནན་ Yunnan Chen ལགས་ནས་ཀྱང་། ཨ་ཧྥེ་རི་ཁའི་ནང་རྒྱ་ནག་གི་ལས་མིའི་གྲངས་འབོར་ཡར་འཕར་རྒྱུའི་དགོངས་ཚུལ་འཛིན་གྱི་མེད་ཅིང་། ཁོང་མོས་ཨ་རིའི་རླུང་འཕྲིན་ཁང་ལ་གསུངས་དོན་དུ། ༢༠༢༢ ལོ་ནས་བཟུང་། ཨར་ལས་ཀྱི་ལས་གཞི་འགའ་ཤས་བསྐྱར་གསོ་བྱུང་ཡོད་སྲིད་ཀྱང་། ང་ཚོས་ཤེས་གསལ་ལྟར་ན། རྒྱ་ནག་གིས་མ་དངུལ་བཏང་བའི་ལས་གཞི་གྲངས་འབོར་དེ་བཞིན་ལོ་མང་རིང་ལ་མར་ཆག་བཞིན་པ་དང་། འདས་པའི་ལོ་ངོ་འགའ་ཤས་རིང་ལ་ལས་གཞི་གསར་པ་ཁ་སྣོན་ཁྱོན་ནས་བྱས་མེད་པས། ངས་བྱས་ན་གྲངས་འབོར་མགྱོགས་པོ་ཡར་འཕར་སྲིད་ཀྱི་མ་རེད།
ཨ་ཧྥེ་རི་ཁའི་གླིང་ཆེན་གྱི་རྒྱལ་ཁབ་འགའ་ཤས་ལ་རྒྱ་ནག་གི་ལས་མི་མང་དུ་ཕྱིན་འདུག།
ཨ་ཧྥེ་རི་ཁའི་གླིང་ཆེན་གྱི་རྒྱལ་ཁབ་ཁག་གི་ནང་སྤྱི་ཡོངས་ནས་རྒྱ་ནག་གི་ལས་མི་ཉུང་དུ་ཕྱིན་ཡོད་ན་ཡང་། ཀང་གོག་སྤྱི་མཐུན་རྒྱལ་ཁབ་དང་ཨེ་ཅིབ། ཟེན་པ་ཝེ་བཅས་ཀྱི་ནང་༢༠༢༢ ལོར་རྒྱ་ནག་གི་ལས་མིའི་གྲངས་འབོར་མང་དུ་ཕྱིན་འདུག། དཔེར་ན། ཨེ་ཅིབ་རྒྱལ་ཁབ་ནང་༢༠༢༢ ལོར་རྒྱ་ནག་གི་ལས་མི་༧༠༠༠ ལྷག་ཡོད་པ་དང་ནད་ཡམས་ཀྱི་སྔོན་ལ་༢༠༠༠ ཙམ་ལས་མེད་པ་རེད།
དེ་བཞིན་ཀང་གོག་སྤྱི་མཐུན་རྒྱལ་ཁབ་ནང་ལོ་དེར་རྒྱ་ནག་གི་ལས་མིའི་གྲངས་འབོར་༨༠༠༠ ལྷག་ལ་སླེབས་ཡོད་པ་དང་། དེ་སྔར་༢༠༡༢ ལོར་༣༠༠༠ ལས་མེད་པ་རེད་འདུག། གཞན་ཡང་ཟེན་པ་ཝེ་རྒྱལ་ཁབ་ནང་དུའང་འདས་པའི་ལོ་ངོ་བཞིའི་རིང་ལ་རྒྱ་ནག་གི་ལས་མིའི་གྲངས་འབོར་དེ་༡༠༠༠ ཡས་མས་ཤིག་ལ་བརྟན་པོར་བསྡད་འདུག། སྲིད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གིས་ཨ་ཧྥེ་རི་ཁའི་གླིང་ཆེན་གྱི་རྡོ་སྣུམ་ལ་བརྟེན་རྒྱུ་ཉུང་དུ་གཏོང་ཐབས་བྱེད་བཞིན་པ་དང་། གཏེར་ཁ་སོགས་ནུས་ཁུངས་གཞན་པ་ལ་བརྟེན་རྒྱུའི་སྲིད་ཇུས་ཤིག་འཛིན་བཞིན་ཡོད་པ་བརྗོད་འདུག།
ཨ་ཧྥེ་རི་ཁའི་གླིང་ཆེན་དུ་ལས་ཀ་རག་མཁན་གྱི་ས་གནས་ཡུལ་མིའི་མི་འབོར་ཇེ་མང་དུ་ཕྱིན་ཡོད་དམ།
རྒྱ་ནག་གིས་ཨ་ཧྥེ་རི་ཁའི་གླིང་ཆེན་གྱི་ཡུལ་གྲུ་ཁག་གི་ནང་ལས་གཞི་གཞི་རྒྱ་ཆེན་པོ་གཉེར་བཞིན་ཡོད་ཀྱང་། དོན་དམ་ལ་ཡུལ་དེ་ལ་ཡོད་པའི་མི་ཚོ་ལ་དགོས་ངེས་ཀྱི་ལག་རྩལ་སྦྱོང་བརྡར་གྱི་གོ་སྐབས་མཁོ་སྤྲོད་བྱེད་ཀྱི་མེད་པ་དང་། ཤུགས་ལས་རྒྱག་མཁན་གྱི་ས་གནས་ཡུལ་མི་མང་པོ་ཞིག་གླས་ཡོད་ཀྱང་། ལས་གནས་ཡག་པོ་གྲས་ཡོད་ཚད་རྒྱ་ནག་གི་ལས་མི་ཚོས་བཟུང་གི་ཡོད་པའི་གནས་སྟངས་ཆགས་འདུག། དེ་བས་ན་ནིང་ད་ལོར་རྒྱ་ནག་གི་ལས་མི་ཉུང་དུ་ཕྱིན་ཡོད་ཀྱང་། ས་གནས་ཡུལ་མི་ཚོར་གླ་ཆ་མཐོན་པོ་དང་ལག་རྩལ་སྦྱོང་བརྡར་སྤྲད་པའི་གནས་སྟངས་དེ་ཡང་ལས་སླ་པོའི་ངང་དུས་ཡུན་ཐུང་ཐུང་ཞིག་གི་ནང་ཡོང་ཁག་པོ་རེད་འདུག།
གླེང་སྟེགས།