ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༧/༠༤

བྱང་ཀོ་རི་ཡ་དང་ཨུ་རུ་སུས་ཕན་ཚུན་དམག་དོན་རྒྱབ་སྐྱོར་གྱི་གྲོས་མཐུན་བཞག


གཟའ་འཁོར་འདིར་ཀིམ་ཇོང་ཨུན་དང་ཕུ་ཊིན་ནས་ཡོངས་འདུས་ཀྱི་འཐབ་ཇུས་ཟླ་གྲོགས་ཞེས་པའི་ཆིངས་ཡིག་ཅིག་བཞག
གཟའ་འཁོར་འདིར་ཀིམ་ཇོང་ཨུན་དང་ཕུ་ཊིན་ནས་ཡོངས་འདུས་ཀྱི་འཐབ་ཇུས་ཟླ་གྲོགས་ཞེས་པའི་ཆིངས་ཡིག་ཅིག་བཞག

༄༅།། བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གཉིས་ཀྱིས་གྲོས་མཐུན་གསར་པ་ཞིག་བཞག་པ་དེའི་ནང་དུ་བྱང་ཀོ་རི་ཡ་དང་ཨུ་རུ་སུ་གཉིས་ཀྱི་གང་ལ་རྒྱལ་ཁབ་གཞན་ཞིག་གམ། ཡང་ན་རྒྱལ་ཁབ་འགའ་ཞིག་གིས་རུབ་བརྒྱབ་ནས་བཙན་འཛུལ་བྱས་ཚེ། ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་འཕྲལ་དུ་ཕན་ཚུན་མཚོན་ཆ་མཁོ་སྤྲོད་དང་དམག་དཔུང་བཏང་ནས་རྒྱབ་སྐྱོར་བྱ་དགོས་ཞེས་འཁོད། ཕྱི་ཟླ་༦་པའི་ཚེས་༢༠་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་འཁོར་འདིར་ཀིམ་ཇོང་ཨུན་དང་ཕུ་ཊིན་ནས་ཡོངས་འདུས་ཀྱི་འཐབ་ཇུས་ཟླ་གྲོགས་ཞེས་པའི་ཆིངས་ཡིག་ཅིག་བཞག་པ་ནི་ལོ་རབས་༦༠་པའི་ནང་དུ་བྱང་ཀོ་རི་ཡ་དང་ཨུ་རུ་སུ་དམར་ཤོག་གཉིས་ཀྱིས་ཐུན་མོང་རྒྱལ་སྲུང་མཉམ་འབྲེལ་གྱི་གྲོས་མཐུན་བཞག་སྟེ་རིམ་གྱིས་ནུས་མེད་དུ་ཕྱིན་པ་སླར་གསོ་བྱུང་བ་ཞིག་རེད་ཅེས་གསར་འགྱུར་ཐོན་འདུག

བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གཉིས་
བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇོང་ཨུན་དང་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གཉིས་

ད་ཐེངས་ཀྱི་གྲོས་མཐུན་ནང་དུ་ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་ཀྱིས་རྡུལ་ཕྲན་ནུས་ཤུགས་བཟོ་འདོན་དང་མཁའ་དབྱིངས་ཞིབ་འཇུག ཟ་འབྲུ་དང་རྡོ་སྣུམ་མཁོ་སྤྲོད་བྱ་རྒྱུ་སོགས་ཚུད་ཡོད་ཅིང་། ཀིམ་ཇོང་ཨུན་དང་ཕུ་ཊིན་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་སྲ་བརྟན་བཏང་སྟེ་ཨ་རིས་འགོ་ཁྲིད་པའི་ནུབ་ཕྱོགས་ཀྱི་བཙན་རྒྱལ་རིང་ལུགས་པའི་སྲིད་ཇུས་དང་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་འཐབ་རྒོལ་བྱ་དགོས་ཞེས་བསྒྲགས། ཉམས་ཞིབ་པ་ཚོས་ཕུ་ཊིན་དང་ཀིམ་ཇོང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱས་པའི་དགོས་པ་གཙོ་བོ་ནི་ཨུ་རུ་སུར་སྒྱོགས་མདེལ་དང་འཕུར་མདེལ་མེད་པར་བྱང་ཀོ་རི་ཡ་ནས་ནང་འདྲེན་བྱ་དགོས་ཤིང་། བྱང་ཀོ་རི་ཡར་འབྲུ་རིགས་དང་རྡོ་སྣུམ། སོལ་རླངས་མེད་པར་དཀའ་ངལ་འཕྲད་ཡོད་པ་སེལ་ཐབས་བཙལ་བ་ཞིག་རེད། ཨུ་རུ་སུས་དམག་དོན་ཚན་རིག་ལག་རྩལ་རྣམས་བྱང་ཀོ་རི་ཡར་མཁོ་སྤྲོད་བྱ་རྒྱུ་ཡིན་མིན་ཐེ་ཚོམ་རེད་ཅེས་བཀྲལ།།

ཨུ་རུ་སུ་དང་བྱང་ཀོ་རི་ཡའི་དམག་དོན་འབྲེལ་བ་དམ་ཟབ་འགྲོ་བཞིན་པ་དེ་ཨ་རི་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་བློ་འཚབ་བྱ་དགོས་ཞིག་ཏུ་གྱུར། ཡུཀ་རེན་གྱི་གཞུང་འབྲེལ་མི་སྣ་ཚོས་རང་གི་ས་ཐོག་ཏུ་བྱང་ཀོ་རི་ཡའི་འཕུར་མདེལ་གྱི་ཆག་རོ་རྣམས་ལྷུང་ཡོང་གི་འདུག་ཟེར། ཨུ་རུ་སུའི་རྒྱང་ཤར་གཞུང་གཉེར་སློབ་གྲྭ་ཆེན་མོའི་སློབ་དཔོན་ཨར་ཊ་ཡོམ་ལུ་ཀིན་གྱིས་བཤད་པ་ལྟར་ན། གྲོས་མཐུན་དེའི་དགོས་པ་དང་དམིགས་ཡུལ་ནི་དམག་དོན་མཉམ་འབྲེལ་རེད། དེ་ནི་ཨུ་རུ་སུ་དམར་ཤོག་འཐོར་ཞིག་ཕྱིན་པའི་རྗེས་སུ་ཕུ་ཊིན་གྱི་གཞུང་གིས་ཕྱིའི་རྒྱལ་ཁབ་ཅིག་དང་རྒྱལ་སྲུང་མཉམ་འབྲེལ་གྱི་གྲོས་མཐུན་བཞག་པ་དང་པོ་དེ་རེད། ཡིན་ནའང་མཉམ་འབྲེལ་གང་འདྲ་ཞིག་ཡིན་རུང་ཡིག་ཐོག་ཏུ་འཁོད་པ་ཙམ་གྱིས་ནུས་པ་ཡོད་པ་ཞིག་ཡིན་མི་དགོས། རྒྱལ་སྲུང་མཉམ་འབྲེལ་གྱི་དོན་ཚན་ཞིག་བཀོད་ཀྱང་གཅིག་གི་དམག་འཁྲུག་ལ་ཅིག་ཤོས་དེ་རང་བཞིན་གྱིས་ཞུགས་དགོས་པའི་ངེས་པ་མེད་ཅེས་བསྟན།།

ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག
ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག

ཐོག་མར་༢༠༠༠་ལོར་ཕུ་ཊིན་བྱང་ཀོ་རི་ཡར་འཚམས་འདྲིར་ཐེངས་དང་པོ་བསྐྱོད། ད་ཐེངས་ཀྱི་འཚམས་འདི་ལོ་༢༤་ཡི་རྗེས་སུ་ཕུ་ཊིན་བྱང་ཀོ་རི་ཡར་ཕྱིན་པ་ཞིག་ཡིན་ཞིང་། ཁོ་པས་ཀིམ་ཇོང་ཨུན་གྱིས་ཨུ་རུ་སུའི་སྲིད་ཇུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པར་བཀའ་དྲིན་ཆེ་ཞུས། ཀིམ་ཇོང་ཨུན་གྱིས་ཡུཀ་རེན་གྱི་དམག་འཁྲུག་ཚུད་པའི་ཨུ་རུ་སུའི་སྲིད་ཇུས་ལ་བྱང་ཀོ་རི་ཡས་ཆ་རྐྱེན་མེད་པ་དང་གཡོ་བ་མེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ཁས་བླངས། བྱང་ཀོ་རི་ཡའི་ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱབ་སྐྱོར་བ་གཙོ་བོ་རྒྱ་ནག་གིས་ཕུ་ཊིན་དང་ཀིམ་ཇོང་ཨུན་གྱི་གྲོས་མཐུན་དེར་གླེང་སློང་བྱ་རྒྱུ་གཡོལ། རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་མགྲིན་ཚབ་པས་གནད་དོན་དེ་རྒྱལ་ཁབ་གཉིས་ཀྱི་བྱ་བ་ཞིག་རེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་སི་ཊོལ་ཊེན་བྷག་གིས་ཕུ་ཊིན་དང་ཀིམ་ཇོང་ཨུན་གྱིས་གྲོས་མཐུན་བཞག་པ་དེས་བཙན་དབང་རིང་ལུགས་པ་ཚོ་ཁ་མཐུན་བྱེད་ཀྱི་ཡོད་པ་གསལ་སྟོན་བྱུང་བ་རེད་ཅེས་སྐྱོན་བཙུགས།།

ཕྱི་ཟླ་༦་པའི་ཚེས་༢༠་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༡༩༦༡་ལོར་ཨུ་རུ་སུ་དམར་ཤོག་དང་བྱང་ཀོ་རི་ཡ་གཉིས་ཀྱིས་ཆིངས་ཡིག་བཞག་པར་མ་ཟད། བྱང་ཀོ་རི་ཡར་བཙན་འཛུལ་བྱུང་ན་ཨུ་རུ་སུས་སྲུང་སྐྱོབ་བྱ་རྒྱུའི་ཁས་ལེན་ཐོབ། ཨུ་རུ་སུ་དམར་ཤོག་འཐོར་ཞིག་ཕྱིན་པའི་རྗེས་སུ་ཆིངས་ཡིག་དེ་ནུས་མེད་དུ་སོང་། ༢༠༠༠་ལོར་ཕུ་ཊིན་གྱིས་བྱང་ཀོ་རི་ཡའི་བདེ་འཇགས་འགན་ལེན་ཞེས་པའི་གྲོས་མཐུན་ནུས་པ་ཆུང་བ་ཞིག་ལ་མིང་རྟགས་བཀོད། ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོས་གྲོས་མཐུན་གྱི་ནང་དོན་ལ་ཞིབ་འཇུག་བྱེད་ཀྱི་ཡོད། བྱང་ཀོ་རི་ཡར་བཙན་འཛུལ་བྱུང་ན་ཨུ་རུ་སུས་ངོ་མར་དམག་དཔུང་བཏང་ནས་སྲུང་སྐྱོབ་བྱ་རྒྱུ་ཡིན་ནམ། གྲོས་མཐུན་གྱི་འབྲུ་དོན་ཁག་ཞིབ་ཏུ་བཀླགས་ན་ཨུ་རུ་སུས་རང་འགུལ་གྱིས་བྱང་ཀོ་རི་ཡར་དམག་བཏང་ནས་རྒྱབ་སྐྱོར་བྱ་དགོས་པ་གསལ་མི་འདུག་ཅེས་བཤད།།

ལྷོ་ཀོ་རི་ཡའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིམ་སུ་སུག་གིས་ང་ཚོས་སྲིད་འཛིན་ཕུ་ཊིན་བྱང་ཀོ་རི་ཡར་བསླེབས་ནས་ཆིངས་ཡིག་བཞག་པའི་འབྲུ་དོན་ཁག་ལ་བསྐྱར་ཞིབ་བྱེད་ཀྱི་ཡོད། ང་ཚོས་བསྐྱར་ཞིབ་ཚར་བའི་རྗེས་སུ་ལྷོ་ཀོ་རི་ཡའི་ལངས་ཕྱོགས་ཅི་ཡིན་ཕྱིར་བསྒྲགས་བྱ་རྒྱུ་ཡིན། གྲོས་མཐུན་དེའི་ནང་དུ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་ལུང་འདྲེན་བྱས་པའི་དགོས་པ་ཅི་ཡིན་ཤེས་ཀྱི་མི་འདུག ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་ནས་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གྲོས་ཆོད་ལ་བརྩི་མེད་བཏང་ནས་དམག་དོན་དང་འཕྲུལ་རིག་ལག་རྩལ་མཉམ་འབྲེལ་གྱི་གྲོས་མཐུན་བཞག་པར་བློ་ཕམ་ཆེ། ང་ཚོས་ཞིབ་འཇུག་གཟབ་ནན་བྱས་ནས་མཐུན་གྲོགས་རྒྱལ་ཁབ་ཁག་དང་གྲོགས་པོ་ཚོ། རྒྱལ་སྤྱིའི་སྤྱི་ཚོགས་བཅས་ལ་མཉམ་འབྲེལ་གྱིས་ལྷོ་ཀོ་རི་ཡའི་བདེ་འཇགས་ལ་ཉེན་ཁ་འཕྲད་ཡོད་པ་དེར་གདོང་ལེན་བྱེད་ཕྱོགས་ཀྱི་སྲིད་ཇུས་ལག་ལག་ལེན་བསྟར་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ།།

ོ་ཀོ་རི་ཡའི་རྒྱལ་སྲུང་སློབ་སྟོན་པ་ཆང་ཧོ་ཅིན་
ོ་ཀོ་རི་ཡའི་རྒྱལ་སྲུང་སློབ་སྟོན་པ་ཆང་ཧོ་ཅིན་

ཕྱི་ཟླ་༦་པའི་ཚེས་༢༠་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ལྷོ་ཀོ་རི་ཡའི་གཞུང་གིས་དམག་འཁྲུག་རྒྱག་གི་ཡོད་པའི་རྒྱལ་ཁབ་ཁག་ལ་མཚོན་ཆ་བཙོང་མི་ཆོག་པའི་རྩ་དོན་རྒྱུན་འཁྱོངས་བྱེད་ཀྱི་ཡོད་མོད། འོན་ཀྱང་བྱང་ཀོ་རི་ཡ་དང་ཨུ་རུ་སུའི་དམག་དོན་མཉམ་འབྲེལ་གྱི་ཆིངས་ཡིག་གི་ནང་དོན་རྣམས་ཕྱིར་བསྒྲགས་བྱུང་བའི་རྗེས་སུ་ལྷོ་ཀོ་རི་ཡའི་གཞུང་གིས་ཡུཀ་རེན་ལ་མཚོན་ཆ་རོགས་རམ་སྤྲོད་དགོས་མིན་བསྐྱར་དུ་བསམ་ཞིབ་བྱ་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཡོད་པ་སྟེ། ལྷོ་ཀོ་རི་ཡའི་རྒྱལ་སྲུང་སློབ་སྟོན་པ་ཆང་ཧོ་ཅིན་གྱིས་ཨུ་རུ་སུས་དངོས་ཤུགས་བརྒྱུད་གསུམ་ནས་བྱང་ཀོ་རི་ཡའི་དམག་གི་སྟོབས་ཤུགས་ཡར་རྒྱས་བཏང་ན་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གྲོས་ཆོད་ལ་རྒྱབ་འགལ་བྱུང་བ་རེད། ལྷོ་ཀོ་རི་ཡ་དང་ཨུ་རུ་སུའི་འབྲེལ་བར་དོ་ཕོག་འགྲོ་རྒྱུ་ཉག་གཅིག་རེད་ཅེས་ཉེན་བརྡ་བཏང་འདུག

ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཇུས་ཉེས་ཚབས་ཆེན་ཕོག ཨུ་རུ་སུར་འཕུར་མདེལ་དང་སྒྱོགས་མདེལ་ཆད། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། ཨུ་རུ་སུར་བྱང་ཀོ་རི་ཡ་དང་ཨི་རན་མ་གཏོགས་སྒྱོགས་མདེལ་དང་འཕུར་མདེལ། ཁ་ལོ་བ་མེད་པའི་འཕུར་གྲུ་ཉོ་ས་མེད་པས་རྒྱལ་ཁབ་དེ་དག་ལ་མ་བརྟེན་པར་བྱ་ཐབས་ཟད། དེ་བཞིན་ཕུ་ཊིན་དང་ཀིམ་ཇོང་ཨུན་གཉིས་རྒྱལ་སྤྱིའི་ཐོག་ཏུ་གྲོགས་མེད་ཁེར་རྐྱང་དུ་ལུས། ཁོ་ཚོས་རང་ཉིད་ཁེར་རྐྱང་མིན་པ་སྟོན་ཐབས་སུ་ཕུ་ཊིན་རྒྱ་ནག་དང་བྱང་ཀོ་རི་ཡ། ཝི་ཏེ་ནམ་བཅས་ལ་འཚམས་འདྲིར་ལྷགས། ཨ་ཧྥི་རི་ཀ་དང་ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་ཁག་ཅིག་གི་སྐུ་ཚབ་ཚོ་ཨུ་རུ་སུར་མགྲོན་འབོད་བྱས་ནས་རྒྱལ་སྤྱིའི་ཚོགས་འདུ་བསྐོངས། ཉམས་ཞིབ་པ་ཕལ་ཆེ་བས་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཨུ་རུ་སུའི་སྟོབས་ཤུགས་ཉམས། ད་ལྟ་ཨུ་རུ་སུ་རྒྱ་ནག་གི་དབང་ཤུགས་འོག་ཏུ་ཡོངས་སུ་ཚུད་ཟིན་འདུག ཕུ་ཊིན་འུ་ཐུག་ནས་བྱང་ཀོ་རི་ཡའི་སྒོ་རྡུང་དུ་ཕྱིན་པ་རེད་ཅེས་དཔྱད་བརྗོད་སྤེལ་འདུག

གླེང་སྟེགས།

XS
SM
MD
LG