ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

༢༠༢༢ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཕྱིར་བསྒྲགས་གནང་འདུག


༢༠༢༢ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་བཞིན་བྷེ་ལ་རུ་སིའི་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་མཁན་སྐུ་ཞབས་Ales Bialiatski དང་། ཨུ་རུ་སུའི་ནང་གཞུང་འབྲེལ་མིན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སྟེ་དྲན་གསོ་ཁང་Memorial ཞེས་པ་དང་། དེ་བཞིན་ཡུག་ཀེ་རན་ནང་སྤྱི་དམངས་རང་དབང་ལྟེ་གནས་ཁང་ཞེས་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་མཁན་གྱི་ཚོགས་པ་བཅས་ལ་ཐོབ་འདུག

སྐུ་ཞབས་Ales Bialiatski ལགས་ནི་སྤྱི་ལོ་༡༩༦༢ ལོའི་སྤྱི་ཟླ་༩ པའི་ཚེས་༢༥ ཉིན་སྐུ་འཁྲུངས་ཤིང་། བྷེ་ལ་རུ་སིའི་ཆབ་སྲིད་ལས་འགུལ་བ་ཞིག་ཡིན་པ་དང་། ཁོང་བྷེ་ལ་རུ་སིའི་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་གལ་ཆེ་ཤོས་Viasna ལྟེ་གནས་ཁང་གི་འགན་འཛིན་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཛིན་གཞོན་པའི་གོ་གནས་བཞེས་བཞིན་ཡོད་པས་མཚན་སྙན་རྒྱས། དེ་སྔར་སྐུ་ཞབས་Ales Bialiatski ལགས་ཀྱིས་བྷེ་ལ་རུ་སིའི་རྒྱལ་ཁབ་ནང་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་བརྩོན་ལེན་གྱི་ཐད་ནས་མཛད་རྗེས་བཞག་པར་བརྟེན་བྱ་དགའ་ཐེངས་མང་པོ་ཐོབ་མྱོང་ཡོད་ཀྱང་། ད་ལོར་ཁོང་རང་ལོ་༦༠ ཡིན་པའི་འཁྲུངས་སྐར་དེ་བཞིན་ཉིན་འགའ་ཤས་སྔོན་ལ་བྷེ་ལ་རུ་སིའི་བཙོན་ཁང་ནང་བཏང་དགོས་བྱུང་འདུག

ཨུ་རུ་སུའི་ནང་གཞུང་འབྲེལ་མིན་པའི་དྲན་གསོ་ཁང་Memorial ཞེས་པ་དེ་ནི་༡༩༨༩ ལོར་གསར་འཛུགས་གནང་སྟེ་གཙོ་བོ་Chechnya ནང་གི་འགྲོ་བ་མིའི་ཐོབ་ཐང་བརྩོན་ལེན་བྱེད་མཁན་གྱི་ཚོགས་པ་ཞིག་ཡིན་ཞིང་། ༢༠༠༩ ལོར་ཚོགས་པ་དེ་ལ་ཡོ་རོབ་གྲོས་ཚོགས་ཀྱི་Sakharov གཟེངས་རྟགས་གནང་ཡོད། དུས་རབས་༢༠ པའི་ལོ་རབས་༩༠ ནས་དུས་རབས་༢༡ བར་བྱུང་བའི་ཆལ་ཆིར་ཟིང་འཁྲུག་ཁྲོད་དུ། དྲན་གསོ་ཁང་དེའི་ལས་མི་ཚོས་སྐབས་དེར་ཨུ་རུ་སུའི་དམག་གིས་ཡུལ་དངོས་སུ་གདུག་རྩུབ་ཆེ་བའི་སྤྱོད་ངན་སྤེལ་བ་དག་ཟིན་ཐོར་བཀོད་ཡོད་པ་དང་། ༢༠༠༩ ལོར་དྲན་གསོ་ཁང་དེའི་Chechnya ནང་གི་གཙོ་འགན་བ་Natalia Estimilova ཉིན་ཁ་དཀར་ངོ་དཀར་ལ་སོ་སོའི་ནང་གི་སྒོ་འགྲམ་ནས་བཙན་ཁྲིད་བྱས་ཏེ་རྒྱལ་ས་Grozny དུ་མགོ་ལ་མེ་མདའ་བརྒྱབ་ནས་བསད་ཡོད་ཅིང་། ན་ནིང་ལོའི་དགུན་ཁར། ཨུ་རུ་སུའི་ཁྲིམས་འཛིན་ལས་ཁུངས་ཀྱིས་ཕྱིའི་རྒྱལ་ཁབ་ཀྱི་སྐུ་ཚབ་སྐོར་ཁྲིམས་རྩོད་གཞི་ཆེ་བ་ཞིག་ལ་རྒྱབ་འགལ་བྱས་པར་ཁ་གཡར་ནས་དྲན་གསོ་ཁང་དེ་ཁ་གཏོར་གྱིས་སྒོ་བརྒྱབ་ཡོད་པ་རེད།།

ད་ལྟའི་ཆར་གླེང་བརྗོད་ཕལ་མོ་ཆེ་ལས། བྷེ་ལ་རུ་སིའི་གཞུང་འཛིན་ལ་ངོ་རྒོལ་གནང་མཁན་སྐྱབས་བཅོལ་དུ་ཡོད་པའི་Svetlana Tikhanovskaïa ལགས་དང་། ཨུ་རུ་སུའི་ལས་འགུལ་བ་ Alexeï Navalny ལགས་གཉིས་གང་རུང་ལ་འཐོབ་རྒྱུའི་རེ་བ་ཆེན་པོ་ཡོད་པ་དང་། བཙོན་འོག་ཏུ་ཡོད་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཚོའི་མཚན་ཡང་འོས་མིའི་ནང་ནས་མདུན་གྲས་སུ་སླེབས་ཡོད་པ་སྟེ། ཧོང་ཀོང་ཡཱི་སྤྱི་ཚོགས་བརྒྱུད་ལམ་ཞེས་པ་གསར་འཛུགས་གནང་མཁན་ལི་ཀྲི་དབྱིངས་ལགས་དང་། སློབ་ཕྲུག་ལས་འགུལ་བའི་འགོ་ཁྲིད་ཧོང་ཀྲི་ཧྥུང་ལགས། དྲ་རྒྱའི་བརྒྱུད་ལམ་ལངས་ཕྱོགས་གསར་འགྱུར་ཞེས་པའི་གསར་འགོད་པ་ཧེ་ཀུས་ལན་ལགས་དང་། ཁྲིམས་རྩོད་པ་ཀྲའོ་ཤིན་ཏན་ལགས། ཧོང་ཀོང་ཁྲིམས་བཟོ་ལྷན་ཚོགས་ཀྱི་འཐུས་མི་ཟུར་པ་ལི་ཀྲོ་རེན་བཅས་ཡོད་པ་དང་། དེ་ལས་ད་དུང་འོས་མིང་བཏོན་པ་གཞན་ཁག་གཅིག་ཀྱང་ཡོད་འདུག་ཅིང་། ལྐོག་ཟ་རུལ་སུངས་ལ་ངོ་རྒོལ་བྱེད་མཁན་གྱི་སྒྲིག་འཛུགས་རྒྱལ་སྤྱིའི་ཕྱི་གསལ་ནང་གསལ་ཞེས་པ་དང་། སི་ཝེ་ཏན་གྱི་ནམ་གཤིས་འགྱུར་ལྡོག་སྐོར་གྱི་ལས་འགུལ་བ་Greta Thunberg ལགས་སོགས་ཀྱིས་མཚོན་པའི་ཁོར་ཡུག་སྲུང་སྐྱོབ་དོན་གཉེར་ཅན་གྱི་མི་ཡང་ཚུད་ཡོད་པ་རེད། གཞན་ད་ལོའི་འོས་མིང་བཏོན་ཡོད་པའི་ཁོངས་ལས། ཡེ་ཤུའི་བླ་ཆེན་མཆོག་དང་། འབར་མའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་ཞེས་པ་ཡང་ཚུད་འདུག

ཡུག་ཀེ་རན་གྱི་སྲིད་འཛིན་ཛེ་ལན་སི་ཀེ་ལགས་སྤྱི་ཟླ་གསུམ་པའི་ཟླ་དཀྱིལ་ཙམ་ལ་འོས་མིའི་གྲས་སུ་ཚུད་ཐུབ་མེད་པ་དང་། ཨུ་རུ་སུས་ཡུག་ཀེ་རན་དཔུང་འཇུག་བྱེད་འགོ་ཚུགས་པ་ནས་བཟུང་། ཧ་ལམ་ཡོ་རོབ་ཀྱི་གྲོས་ཚོགས་འཐུས་མི་༤༠ ཙམ་གྱིས་ནོ་བྷེལ་ལྷན་ཚོགས་ལ་ཕྱག་བྲིས་བཏང་སྟེ། འོས་མི་བཏོན་པའི་དུས་ཡུན་ཇེ་རིང་དུ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་ནའང་། ནོ་བྷེལ་ལྷན་ཚོགས་ཀྱིས་ངོས་ལེན་གནང་མེད་པ་རེད།།

འབྲེལ་ཡོད།

XS
SM
MD
LG