ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༡/༢༥

འབར་མའི་གྱེན་ལོག་དམག་གིས་གཞུང་དམག་མཐའ་སྐྲོད་དང་མཐའ་མཚམས་བདག་བཟུང་།


འབར་མའི་ཐེ་ལཎ་ཌིའི་ས་མཚམས་ཀྱི་མའོ་ཝ་ཌི་གྲོང་བརྡལ་དུ་ཁེ་རེན་མི་རིགས་མནའ་འབྲེལ་གྱི་དམག་མི་ཞིག་གིས་འཕུར་མདེལ་ཕྲག་ཏུ་བཟུང་བའི་རྣམ་པ།
འབར་མའི་ཐེ་ལཎ་ཌིའི་ས་མཚམས་ཀྱི་མའོ་ཝ་ཌི་གྲོང་བརྡལ་དུ་ཁེ་རེན་མི་རིགས་མནའ་འབྲེལ་གྱི་དམག་མི་ཞིག་གིས་འཕུར་མདེལ་ཕྲག་ཏུ་བཟུང་བའི་རྣམ་པ།

༄༅། །སྤྱི་ཟླ་༤ པའི་ཚེས་༡༥ ཉིན། འབར་མའི་དམག་གཞུང་གི་དབང་བསྒྱུར་ལ་ངོ་རྒོལ་བྱེད་མཁན་གྱི་གྱེན་ལོག་དམག་གི་སྒྲིག་འཛུགས་ཤིག་སྟེ། ཁེ་རེན་མི་རིགས་མནའ་འབྲེལ་སྒྲིགས་འཛུགས་ཀྱིས་བརྗོད་དོན་ལྟར་ན། གཞུང་དམག་གིས་ཐེ་ལཎ་ཌིའི་ས་མཚམས་ཀྱི་མའོ་ཝ་ཌི་Myawaddy ཞེས་སུ་འབོད་པའི་གྲོང་བརྡལ་ལ་དཔུང་འཇུག་བྱེད་ཐབས་བྱས་ཀྱང་། སྤྱི་ལེ་༤༠ ཡི་ས་ཁྱད་མཚམས་སུ་གྱེན་ལོག་དམག་གིས་མཐའ་སྐྲོད་བཏང་ཡོད་པའི་གནས་ཚུལ་ཐོན་འདུག། མའོ་ཝ་ཌི་ཞེས་པའི་གྲོང་བརྡལ་དེ་ནི་བདུན་ཕྲག་གོང་མའི་ནང་ཁེ་རེན་མི་རིགས་མནའ་འབྲེལ་གྱེན་ལོག་དམག་དཔུང་གིས་བདག་བཟུང་བྱས་ཤིང་། ཉེ་དུས་འབར་མའི་ནང་སྡེ་གཟར་ཆེན་པོ་ལངས་ནས་དམངས་གཙོ་ལ་འདོད་མོས་ཡོད་པ་ཚོའི་རྒྱབ་སྐྱོར་འོག་དམག་གི་གཞུང་འཛིན་ལ་ངོ་རྒོལ་བྱེད་མཁན་གྱི་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་ད་ལྟ་དམག་དོན་གྱི་རྟེན་གཞི་དང་གྲོང་བརྡལ་ཁག་ལ་སྟངས་འཛིན་བྱས་ཚར་ཡོད་པ་དང་། དེའི་ནང་ནས་ཐེ་ལཎ་ཌིའི་ས་མཚམས་སུ་འཁེལ་བའི་མའོ་ཝ་ཌི་ཐེ་བའི་གྲོང་བརྡལ་གཙོ་བོ་ཞིག་གི་ཕྱེད་ཀ་ཙམ་ཟིན་ཚར་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

ཁེ་རེན་མི་རིགས་མནའ་འབྲེལ་གྱི་མགྲིན་ཚབ་པས་རེ་ཊྲེ་སི་གསར་ཁང་ལ་བརྗོད་དོན་དུ། ཁོ་ཚོ་འདིར་ཡོང་བ་ལས་སླ་པོ་མ་རེད། དཀའ་ངལ་མང་པོ་འཕྲད་བཞིན་པ་རེད། ཁེ་རེན་མི་རིགས་མནའ་འབྲེལ་དམག་དཔུང་གིས་སྔ་ཕྱི་བར་གསུམ་དུ་ལམ་བར་ནས་གཞུང་དམག་ལ་བཀག་འགོག་གི་ཐབས་ཤེས་མང་པོ་བྱས་དང་བྱེད་མུས་ཡིན། ཁེ་རེན་མི་རིགས་མནའ་འབྲེལ་གྱི་མགྲིན་ཚབ་པའི་སྐད་ཆ་དེ་བདེན་པ་ཡིན་མིན་ར་སྤྲོད་བྱེད་ཐབས་མེད་ཀྱང་། ༢༠༢༡ ལོར་དམངས་གཙོའི་གཞུང་གི་སྲིད་དབང་འཕྲོག་མཁན་གྱི་དྲག་པོ་དམག་གཞུང་གི་མགྲིན་ཚབ་པར་ཁ་པར་བཏང་ཡང་། ཁོ་ཚོས་རེ་ཊྲེ་སི་གསར་ཁང་གི་བཏང་བའི་ཁ་པར་དེར་ལན་འདེབས་བྱས་མེད་པ་རེད།

༢༠༢༡ ལོར་འབར་མའི་དམག་དཔུང་གིས་སྲིད་འགྱུར་ལངས་ནས་དམངས་གཙོའི་གཞུང་འཛིན་གྱི་སྲིད་དབང་བཙན་འཕྲོག་བྱས་པ་ནས་བཟུང་། འབར་མ་རྒྱལ་ཁབ་དེ་བཞིན་སྡེ་གཟར་གྱི་གཡང་ལ་ལྷུང་ཞིང་། ངོ་རྒོལ་གྱི་ལས་འགུལ་ཁྱབ་རྒྱ་ཆེན་པོ་བྱུང་བ་དང་། དམག་གཞུང་གིས་དྲག་པོའི་སྒོ་ནས་ཟིང་འཁྲུག་ཞོད་འཇགས་གཏོང་ཐབས་ཇི་སྙེད་ཅིག་བྱས་ཀྱང་དོན་ཕན་སོན་མེད་པ་དང་། འདས་པའི་ལོ་ངོ་འགའ་ཤས་རིང་། མི་དམངས་དཀྱུས་པའི་ཚེ་སྲོག་ལ་འཚེ་བའི་ལས་བརྩམས་པའི་འབར་མའི་དམག་དཔུང་གིས་སྲིད་དབང་བཙན་འཕྲོག་བྱས་པ་ནས་བཟུང་། འབར་མ་རྒྱལ་ཡོངས་སུ་དང་ཐོག་ཞི་བའི་ངོ་རྒོལ་ནས་འགོ་ཚུགས་པའི་ངོ་རྒོལ་གྱི་ལས་འགུལ་དེ་བཞིན་ད་ཆ་རྒྱལ་ཁབ་ཁྱོན་ཡོངས་ལ་ཁྱབ་པའི་དྲག་ཆས་སྤུས་ལེགས་སྤྲས་པའི་ངོ་ལོག་གི་ཟིང་འཁྲུག་ཞིག་ཏུ་གྱུར་ཡོད་པ་རེད།

འབར་བའི་ནང་བྱུང་བའི་གྱེན་ལོག་ནི་འབར་མའི་དམག་གཞུང་གིས་༢༠༢༡ ལོར་སྲིད་འགྱུར་ལངས་ནས་དམངས་གཙོའི་སྲིད་དབང་མགོ་རྟིང་བསློགས་པ་ཚུན་ཆད་ལ་འཕྲད་པའི་དཀའ་ངལ་ཆེ་ཤོས་ཤིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་སུ་འབར་མའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་པ་ཐོམ་ཨན་ཌེའུ་Tom Andrews ལགས་ཀྱིས་དེ་སྔོན་གསུངས་དོན་ལྟར་ན། འབར་མའི་དམག་དཔུང་གིས་༢༠༢༡ ལོའི་ཟླ་བ་གཉིས་པར་མི་དམངས་ཀྱིས་འོས་འདེམས་བྱས་པའི་སྲིད་གཞུང་མགོ་རྟིང་སློག་པ་ནས་ཚུན་ཆད། ཉུང་མཐར་ཡང་རིན་གོང་ཨ་སྒོར་དུང་ཕྱུར་གཅིག་གནས་པའི་གོ་མཚོན་དང་གོ་མཚོན་གྱི་རྒྱུ་ཆ་ནང་འདྲེན་བྱས་ཡོད་པ་དང་། ཨུ་རུ་སུ་ནི་འབར་མ་ལ་གོ་མཚོན་མཁོ་སྤྲོད་བྱེད་མཁན་གྱི་ཚོང་ཤག་ཆེ་ཤོས་དེ་རེད་འདུག

ཉེ་ལམ་སྤྱི་ཟླ་༤ པའི་ཚེས་༨ ཉིན་ལ་གནས་ཚུལ་ཐོན་གསལ་ལྟར་ན། ཐེ་ལཎ་ཌིའི་སྲིད་བློན་གྱིས་རེ་ཊྲེ་སིའི་གསར་ཁང་ལ། ད་ལྟའི་ཆར་འབར་མའི་ནང་དུ་གྲོས་མོལ་བྱེད་པའི་དུས་སྐབས་ཡག་ཤོས་ཤིག་རེད། རྒྱུ་མཚན་ཅི་ཡིན་ཞེ་ན། ༢༠༢༡ ལོར་འབར་མའི་ནང་དམག་གི་སྲིད་འགྱུར་ལངས་ནས་སྲིད་དབང་འཕྲོག་མཁན་གྱི་ད་ལྟའི་གཞུང་འཛིན་དམག་གི་སྲིད་དབང་དེའི་ནུས་པ་ཉམས་དམས་སུ་འགྲོ་བཞིན་པ་རེད། ཅེས་བརྗོད་ཡོད་ཅིང་། ཐེ་ལཎ་ཌིའི་སྲིད་བློན་སི་ལེ་ཐཱ་ལགས་ཀྱིས་ཉེ་སྔོན་ཡུལ་སྐོར་སྤྲོ་འཆམ་བའི་གནས་མཆོག་སཱུ་མེ་SuMei གླིང་ཕྲན་དུ་བཅར་འདྲི་དང་ལེན་གནང་སྐབས། ད་ལྟའི་གཞུང་གི་ནུས་པ་ཉམས་བཞིན་འདུག་མོད། ཁོ་ཚོ་ཕམ་པའི་དབང་དུ་བཏང་ཡང་། ཁོ་ཚོར་ད་དུང་དབང་ཆ་ཡོད་པ་རེད། གོ་མཚོན་ཡང་ཡོད་བ་རེད། ད་ལྟ་གྲོས་མོལ་གྱི་ལམ་ནས་གྲོས་ཆོད་འཇོག་པའི་དུས་སྐབས་ཡག་ཤོས་ཤིག་རེད། ཅེས་གསུངས་འདུག།

ཐེ་ལཎ་ཌི་དང་འབར་མའི་ས་མཚམས།
ཐེ་ལཎ་ཌི་དང་འབར་མའི་ས་མཚམས།

ན་ནིང་ལོའི་སྤྱི་ཟླ་བརྒྱད་པའི་ནང་སྲིད་བློན་སི་ལེ་ཐཱ་ལགས་ཆབ་སྲིད་ཀྱི་སྡིངས་ཆར་ཕེབས་པ་ནས་བཟུང་། ཐེ་ལཎ་ཌིས་ད་བར་འབར་མ་དང་མཉམ་དུ་འབྲེལ་གཏུག་ལན་གྲངས་ཇི་སྙེད་ཅིག་གནང་བ་ལས། སྡེ་གཟར་ནང་གི་སྟོབས་ཤུགས་ཁག་བར་གྲོས་མོལ་མཐུད་ཐབས་དང་། མི་ཆོས་དགེ་རྩའི་ལམ་ནས་འབར་མར་རོགས་སྐྱོར་གནང་ཐབས་སོགས་གནང་སྟེ། ཐེ་ལཎ་ཌིའི་གྲོས་ཚོགས་ཀྱིས་ཟླ་བ་གོང་མའི་ནང་འབར་མའི་ཆབ་སྲིད་ཀྱི་གནས་སྟངས་ཐད་བགྲོ་གླེང་ཞིག་འཚོགས་ཡོད་པ་ལས། དམག་གཞུང་གིས་ངོ་རྒོལ་བྱེད་མིན་ལ་མ་ལྟོས་པར་འབར་མའི་དམག་གཞུང་ལ་ངོ་རྒོལ་བྱེད་མཁན་གྱི་ཕྱོགས་གཏོགས་ཀྱང་ཚོགས་འདུར་གདན་འདྲེན་ཞུས་ཡོད་པ་རེད།

ཐེ་ལཎ་ཌིའི་སྲིད་བློན་སི་ལེ་ཐཱ་ལགས།
ཐེ་ལཎ་ཌིའི་སྲིད་བློན་སི་ལེ་ཐཱ་ལགས།

སྲིད་བློན་ཁོང་གིས་འབར་མ་ནི་ཐེ་ལཎ་ཌིའི་རྒྱལ་ཁབ་ལ་མཚོན་ན་ཧ་ཅང་གལ་འགངས་ཆེན་པོ་ཡིན་པ་དང་། ཁོང་རང་ཉིད་དང་ཐེ་ལན་ཌིའི་འབྲེལ་ཡོད་དཔོན་རིགས་ཚོས་ད་བར་འབར་མའི་ནང་གི་ཁེ་ཕན་ཚོགས་པ་ཁག་དང་དེ་བཞིན་ཨ་རི་དང་རྒྱ་ནག་ཚུད་པའི་རྒྱལ་སྤྱིའི་གྲོགས་པོ་ཚོ་དང་གྲོས་མོལ་བྱས་དང་བྱེད་བཞིན་པ་ཡིན། གལ་སྲིད་འབར་མ་དེ་བཞིན་གཅིག་གྱུར་དང་ཞི་བདེ། ཡར་རྒྱས་གོང་འཕེལ་འགྲོ་ཐུབ་པ་ཡིན་ན་ཁེ་བཟང་ཆེ་ཤོས་དེ་ཐེ་ལཎ་ཌི་རྒྱལ་ཁབ་ལ་རག་གི་རེད། ཅེས་ཀྱང་གསུངས་འདུག།

གསར་འགྱུར་བརྒྱུད་ལམ་ཁག་ནས་འབར་མའི་གནས་སྟངས་སྐོར་བཀའ་འདྲི་ཞུ་སྐབས། ཐེ་ལཎ་ཌི་གཞུང་གི་མགྲིན་ཚབ་པ་ཚའེ་ཝ་ཆར་རོང་Chai Watcharong གིས་ལན་འདེབས་བྱས་དོན་དུ། ཐེ་ལཎ་ཌི་རྒྱལ་ཁབ་དང་གཞུང་གིས་རྒྱལ་སྤྱིའི་ཟིང་འཁྲུང་ཁྲོད་ནས་སུ་གང་གི་ཕྱོགས་སུ་ཡང་མི་ལངས་པར་བར་གནས་ཀྱི་སྲིད་ཇུས་འཛིན་བཞིན་ཡོད་པ་དང་། ཞི་བའི་ངང་ཟིང་འཁྲུག་ཐག་གཅོད་བྱ་རྒྱུ་ནི་ང་ཚོའི་སྲིད་ཇུས་ཡིན་ཞེས་གསལ་སྟོན་བྱས་འདུག། དེ་ཡང་སྲིད་བློན་སི་ལེ་ཐཱ་ཡིས་ཁོང་རང་ཉིད་ནང་སྲིད་བློན་ཆེན་དང་དམག་དཔོན་བདེ་འཇགས་དཔོན་རིགས་ཚོ་དང་གྲོས་བསྡུར་བྱས་ནས་ཐེ་ལཎ་ཌི་གཞུང་གིས་འབར་མའི་ཐོག་འཛིན་པའི་སྲིད་ཇུས་དེ་སྟབས་བདེ་རུ་གཏང་རྒྱུ་ཡིན། ཞེས་གསུངས་འདུག།

དེ་དང་དུས་མཚུངས་སུ་ཁེ་རེན་མི་རིགས་མནའ་འབྲེལ་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་ཀྱང་། གཞུང་དམག་ལ་ངོ་རྒོལ་བྱེད་མཁན་གྱི་མནའ་འབྲེལ་སྒྲིག་འཛུགས་ཀྱི་ནང་ལའང་དཀའ་ངལ་འཕྲད་སྐོར་བརྗོད་དོན་དུ། ང་ཚོ་ཁེ་རེན་མི་རིགས་ནང་ཁུལ་དུ་ཇི་ལྟར་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་གྱིས་གོམ་པ་མདུན་བསྐྱོད་བྱ་རྒྱུའི་ཐད་ལ་བགྲོ་གླེང་བྱེད་བཞིན་པ་ཡིན། ཁེ་རེན་མི་རིགས་མནའ་འབྲེལ་གྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ནི། འབར་མའི་ནང་ཁྱིམ་གཞིས་སྟོང་ནས་ཡུལ་གྱར་མཁན་གྱི་མི་གྲངས་ས་ཡ་གཅིག་ལྷག་ཐད་ནས་ཁྱིམ་མཚེས་རྒྱལ་ཁབ་ཐེ་ལཎ་ཌི་ཐེ་བའི་རྒྱལ་སྤྱིའི་སྤྱི་ཚོགས་ལ་རོགས་རམ་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་ཞུ་རྒྱུ་དེ་ཡིན་ཞེས་དང་། དམག་གཞུང་གིས་ཀྱང་སོ་སོར་འཕྲད་པའི་དཀའ་ངལ་དེ་བཞིན་ཆབ་སྲིད་ཀྱི་དབང་ཆ་མི་མང་ལ་ཕྱིར་སློག་བྱེད་རན་པའི་རྟགས་མཚན་དུ་མཐོང་དགོས་པའི་རེ་སྐུལ་བྱས་ཡོད་པ་རེད། ཅེས་AFPགསར་ཁང་གིས་གནས་ཚུལ་སྤེལ་འདུག།

འབར་མའི་ཁེ་རེན་མི་རིགས་གྱེན་ལོག་དམག་དཔུང་གི་དམག་མི་ཚོས་རླངས་འཁོར་གཏོང་ནས་འགྲོ་བཞིན་པ།
འབར་མའི་ཁེ་རེན་མི་རིགས་གྱེན་ལོག་དམག་དཔུང་གི་དམག་མི་ཚོས་རླངས་འཁོར་གཏོང་ནས་འགྲོ་བཞིན་པ།

ཁེ་རེན་མི་རིགས་མནའ་འབྲེལ་གྱི་མགྲིན་ཚབ་པས། ད་ནི་དུས་ཚོད་འཕྲོ་བརླག་མ་གཏོང་ཞིག། དུས་ཚོད་ཀྱང་རན་པ་རེད། གོ་སྐབས་ཀྱང་ཡག་པོ་ཞིག་རེད། དང་པོ་མི་མང་གི་བསམ་འཆར་ལ་ལན་ཅིག་ཉན་འཇོག་ཡོད་པར་མཛོད། ཅེས་བརྗོད་འདུག།

དེ་སྔོན་འབར་མའི་དྲག་པོ་དམག་གིས་རྒྱལ་ཡོངས་སུ་དམག་མི་བསྡུ་རུབ་བྱ་རྒྱུའི་བཙན་བཀའ་བཏང་བའི་རྗེས་སུ། འབར་མའི་གཞོན་ནུ་ཕོ་མོ་མང་པོ་ཞིག་གོ་མཚོན་ལག་ལ་ཐོག་ནས་བཙན་བཀའ་དེ་ལ་ངོ་རྒོལ་བྱས་ཡོད་པ་དང་། ཡང་གཞོན་སྐྱེས་མང་པོ་ཞིག་འབར་མའི་ཁྱིམ་མཚེས་རྒྱལ་ཁབ་ཐེ་ལཎ་ཌིའི་ནང་བྲོས་བྱོལ་དུ་ཕེབས་ཡོད་པ་རེད།

གླེང་སྟེགས།

XS
SM
MD
LG