ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

ཨ་རིའི་སློབ་གྲྭའི་དགེ་རྒན་ཚོས་སློབ་གྲྭའི་ནང་སྒོམ་སྒྲུབ་ཉམས་ལེན་གྱི་ཕན་ཐོགས་ཡོད་པར་ངོས་འཛིན།


མ་ལཱ་ཆི་སྲམིཐ་ཡིས་རང་གི་འཛིན་གྲྭའི་ནང་དུ་དྲན་པ་ཉེར་གཞག་གི་ཐུན་ཞིག་ལ་སྒོམ་རྒྱག་བཞིན་ཡོད།
མ་ལཱ་ཆི་སྲམིཐ་ཡིས་རང་གི་འཛིན་གྲྭའི་ནང་དུ་དྲན་པ་ཉེར་གཞག་གི་ཐུན་ཞིག་ལ་སྒོམ་རྒྱག་བཞིན་ཡོད།

ཨེ་པི་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་ནང་དེང་སྐབས་ཨ་རིའི་སློབ་གྲྭ་ཁག་གི་ནང་སློབ་ཕྲུག་ཚོས་སྒོམ་རྒྱག་གི་ཡོད་པ་དང་། སྒོམ་བརྒྱབ་པ་ཡིན་ན་སློབ་ཕྲུག་ཚོའི་སེམས་ཁམས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་སློབ་གྲྭའི་དགེ་རྒན་ཚོས་བརྗོད་ཀྱི་ཡོད་པ་རེད། ཨ་རིའི་རྒྱལ་ཡོངས་སློབ་གྲྭ་ཁག་གི་ནང་ཡོ་ག་ཞེས་རྩ་རླུང་སྒོམ་སྦྱོང་དང་སེམས་དམིགས་པ་རྩེ་གཅིག་ཏུ་གནས་ཐབས་ཀྱི་སྒོམ་རྒྱག་སྟངས། དེ་བཞིན་དྲན་པ་ཉེར་བཞག་གི་སྦྱོང་བརྡར་སོགས་འགོ་འཛུགས་བྱས་པའི་བརྒྱུད་ནས་སློབ་ཕྲུག་གི་སེམས་ཁམས་དང་སེམས་མྱོང་བཅོས་ཐབས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོང་གི་འདུག་ཅེས་སློབ་གྲྭའི་དགེ་རྒན་ཚོས་འགྲེལ་བརྗོད་བྱས་འདུག

དེ་ཡང་ལོ་ངོ་གསུམ་བཞིའི་གོང་ཙམ་ལ་འཛམ་གླིང་སྤྱི་དང་བྱེ་བྲག་ཏུ་ཨ་རིའི་ནང་རྟོག་དབྱིབས་གཉེན་རིམ་༡༩པའི་རིམ་ནད་ཁྱབ་བརྡལ་ཤུགས་ཆེར་ཕྱིན་པའི་སྐབས་མི་རྣམས་ཕར་འགྲོ་ཚུར་འོང་བྱེད་མི་ཆོག་པའི་དམ་བསྒྲགས་བཀག་བསྡོམས་བྱས་ཏེ་སློབ་གྲྭ་ཡོངས་རྫོགས་སྒོ་བརྒྱབས་ཏེ་སློབ་ཕྲུག་རྣམས་རྣམ་ཀུན་དང་མི་འདྲ་བར་རང་ཁྱིམ་དུ་སོ་སོ་གཅིག་པོར་བསྡད་དེ་དྲ་རྒྱའི་ཐོག་ནས་སློབ་སྦྱོང་བྱེད་དགོས་པའི་གནས་སྟངས་བྱུང་སྐབས་སེམས་སྡུག་ཧ་ཅང་ཆེན་པོ་བྱུང་བའི་རྐྱེན་གྱིས་སློབ་ཕྲུག་གི་སེམས་ཁམས་ལ་གནོད་སྐྱོན་བྱུང་ཡོད། དེའི་མཚོན་རྟགས་རྣམས་གཞི་ནས་རྟོག་དབྱིབས་ནད་ཡམས་མེད་པར་གྱུར་བའི་རྗེས་སུ་ཤེས་རྟོགས་བྱུང་འདུག དེར་བརྟེན་ཨ་རིའི་ནད་ཡམས་སྔོན་འགོག་དང་སྟངས་འཛིན་ལས་དོན་ལྷན་ཁང་གིས་ན་ནིང་ལོར་ཨ་རིའི་སློབ་གྲྭ་ཁག་གི་ནང་ཡོ་ག་ཞེས་པའི་རྩ་རླུང་སྒོམ་སྒྲུབ་དང་སེམས་དམིགས་པ་རྩེ་གཅིག་ཏུ་གནས་ཐབས། དེ་བཞིན་དྲན་པ་ཉེར་བཞག་སོགས་ལག་བསྟར་བྱེད་དགོས་པའི་འབོད་སྐུལ་གནང་ཡོད།

ཉམས་ཞིབ་པ་ཚོས་སློབ་གྲྭ་ཁག་གི་ནང་དྲན་པ་ཉེར་བཞག་དང་འབྲེལ་བའི་བློ་སྦྱོང་བྱས་པ་དེས་སློབ་ཕྲུག་སྤྱི་དང་ལྷག་པར་དུ་དབུས་ཕོངས་ཉམས་ཐག་སྤྱི་ཚོགས་ཀྱི་སློབ་ཕྲུག་ཚོའི་སེམས་ཁམས་ལ་དེ་དུང་ཕན་ཐོགས་ཆེ་བ་བྱུང་ཡོད་པ་ཤེས་རྟོགས་བྱུང་ཡོད་པའི་འགྲེལ་བརྗོད་བྱས་འདུག རྟོགས་དབྱིབས་རིམ་ནད་ཁྱབ་བརྡལ་དུ་ཕྱིན་པའི་སྐབས་ཨ་རིའི་རྒྱལ་ཡོངས་ཀྱི་སློབ་ཕྲུག་རྣམས་ལ་རྣམ་ཀུན་དང་མི་འདྲ་བར་གཅིག་པོར་ཁེར་རྐྱང་ལུས་པ་དང་། དེ་བཞིན་རང་ཁྱིམ་ནས་དྲ་ལམ་ཐོག་སློབ་སྦྱོང་བྱེད་དགོས་ཆགས་པའི་གནས་སྟངས་བྱུང་རྗེས་བསྐྱར་དུ་སློབ་གྲྭ་ལ་ཕྱིར་ལོག་བྱས་སྐབས་ཀྱང་དཀའ་ངལ་དུ་མ་ཞིག་འཕྲད་ཡོད་པ་སྟེ། དཔེར་ན། ཕྲུ་གུ་གསུམ་ཆ་གཅིག་ལྷག་ཙམ་ལ་སེམས་སྡུག་དང་རེ་བ་བྲལ་བ་ལྟ་བུའི་ཚོར་སྣང་ཤུགས་ཆེར་བྱུང་འདུག་ཅིང་། དམིགས་བསལ་དཔལ་འབྱོར་གནས་སྟངས་ཞན་པ་དང་ཇོར་ཇི་ཡ་མངའ་སྡེ་ལྟ་བུ་མི་རིགས་ནག་པོའི་སྤྱི་ཚོགས་ནང་གཞོན་སྐྱེས་སེམས་ཁམས་མི་བདེ་བ་ཆགས་ཏེ་རང་སྲོག་གཅོད་རྒྱུའི་བསམ་བློ་ཡོད་མཁན་མང་པོ་བྱུང་འདུག་ཀྱང་། རང་ལ་གཞན་གྱིས་དམའ་འབེབ་བྱས་ཡོང་སྙམ་ཏེ་སེམས་ཀྱི་དཀའ་ངལ་རྣམས་ནང་མི་གཉེན་ཚན་དང་། འཕྲོད་བསྟེན་མི་སྣ་སོགས་ལ་ཤོད་རྒྱུར་འཛེམས་ཟོན་བྱེད་ཀྱི་ཡོད་སྟབས་དེ་ལྟ་བུའི་སློབ་ཕྲུག་ཚོར་སྒོམ་དང་སེམས་དམིགས་པ་རྩེ་གཅིག་ཏུ་གནས་ཐབས། དེ་བཞིན་དྲན་པ་ཉེར་བཞག་བཅས་སློབ་གྲྭ་ཁག་གི་ནང་ལག་བསྟར་བྱས་པའི་རྐྱེན་གྱིས་ཕྲུ་གུ་དེ་རིགས་ལ་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་འདུག དེར་བརྟེན་ཨ་རིའི་སློབ་གྲྭ་མང་པོའི་ནང་ད་ལྟ་ནས་སྒོམ་དང་དྲན་པ་ཉེར་བཞག་ལག་བསྟར་བྱ་རྒྱུའི་དུས་ཚོད་འཕར་མ་བཟོས་ཡོད་པ་མ་ཟད། ཕྱིན་ཆད་དེ་ལྟ་བུ་ལག་བསྟར་བྱེད་མཁན་སློབ་གྲྭ་ད་དུང་མང་དུ་འགྲོ་རྒྱུའི་ཚོད་དཔག་བྱེད་ཀྱི་འདུག

ཨེ་པི་གསར་སྤེལ་ལས་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG