ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

མོ་དྷིའི་སྔོན་རྩིས་འགྲོ་གྲོན་གཏོང་ཕྱོགས་ལ་འབྲིང་རིམ་མི་མང་འདོད་བློ་མ་ཁེངས་པའི་རྣམ་འགྱུར།


སྲིད་བློན་མོ་དྷིའི་
སྲིད་བློན་མོ་དྷིའི་

རྒྱ་གར་གྱི་མངའ་སྡེ་ཁག་གསུམ་དང་དབུས་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་ཡོད་པའི་ས་གནས་གཅིག་བཅས་ཀྱི་ནང་འོས་བསྡུ་བྱེད་ལ་ཉེ་བའི་སྐབས་འདིར་ མོ་དྷི་གཞུང་གིས་སྔོན་རྩིས་འགྲོ་གྲོན་གཏན་འབེབས་བྱས་ཡོད་པ་དེར་རྒྱ་གར་གྱི་འབྲིང་རིམ་མང་ཚོགས་ཀྱིས་འདོད་བློ་མ་ཁེངས་པའི་རྣམ་འགྱུར་བཏོན་གྱི་ཡོད་རེད་ཅེས་རུའི་ཀྲར་གསར་སྤེལ་ལས་ཁང་གིས་གནས་ཚུལ་སྤེལ་འདུག དེ་ཡང་རྒྱ་གར་གཞུང་གིས་ས་ཁང་ཉོ་ཚོང་གི་དཔྱ་ཁྲལ་གཅོག་ཆ་བྱ་རྒྱུའི་ཐད་ལ་གླེང་སློང་བྱུང་བར་མ་ལྟོས་པར་མ་རྩ་འཛུགས་འཇོག་བྱེད་སའི་སིལ་ཚོང་གཉེར་མཁན་དང་། དཔལ་འབྱོར་ཁྲོམ་ར་བཅས་ལ་དཔྱ་ཁྲལ་སྤར་བའི་རྐྱེན་གྱིས་རྒྱ་གར་གྱི་འབྲིང་རིམ་མི་མང་ཚོས་ཧ་ཅང་ཁོང་ཁྲོ་ཆེན་པོ་བྱེད་ཀྱི་ཡོད་ཅིང་། རྒྱ་གར་ནང་མི་འབོར་ཐེར་འབུམ་༡དང་དུང་ཕྱུར་༤༢ཡོད་པའི་ཁོངས་ནས་བརྒྱ་ཆ་༣༠འབྲིང་རིམ་མི་མང་ཡིན་པ་རེད།

རི་མོའི་སྒྱུ་རྩལ་པ་ནམ་དྷེཝ་ཀཏ་ཀར་ནི་མ་ཧ་རཤ་ཀྲ་མངའ་སྡེའི་དཔལ་འབྱོར་ལྟེ་གནས་མུམ་བྷའི་ནང་གནས་སྡོད་ཀྱི་ཡོད་ཅིང་། ཁོང་གིས་སྲིད་བློན་མོ་དྷིས་སྣེ་ཁྲིད་པའི་བྷི་ཇེ་པི་སྲིད་དོན་ཚོགས་པར་རྒྱབ་སྐྱོར་བྱེད་འཆར་མེད་ཅེས་བཤད་པ་དང་ཆབས་ཅིག ད་ཆ་རང་གི་ལས་ཀ་བྱས་པའི་ཡོང་འབབ་ལ་དཔྱ་ཁྲལ་མང་བ་སྤྲོད་དགོས་ཆགས་པར་བརྟེན་རང་གིས་དཀའ་ལས་བརྒྱབས་ཏེ་བསགས་པའི་མ་དངུལ་རྣམས་མེད་པར་གྱུར་རྒྱུ་དང་། ད་ལྟའི་ཆར་སྲིད་དོན་ཚོགས་པ་སུ་ལ་འོས་ཤོག་འཕེན་དགོས་མིན་ཐག་བཅད་མེད་ཀྱང་། ད་ལམ་བྷི་ཇེ་པི་ཚོགས་པར་འོས་ཤོག་འཕེན་རྩིས་མེད་ཅེས་བཤད་འདུག གཞི་རྐང་མངའ་སྡེ་ཁག་གི་འོས་བསྡུའི་ནང་བྷི་ཇེ་པི་ཚོགས་པར་ཕམ་ཉེས་བྱུང་བ་ཡིན་ནའང་སྲིད་བློན་མོ་དྷིའི་སྲིད་གཞུང་ལ་ཐད་ཀར་ཁྱད་པར་ཡོང་རྒྱུ་མིན་ནའང་། དེས་མོ་དྷིས་འགོ་ཁྲིད་གནང་ཕྱོགས་ལ་ཤུགས་རྐྱེན་བྱེད་སྲིད་པ་དང་། དེ་ཡང་དིལླིར་བརྟེན་གཞི་བྱས་པའི་ཆབ་སྲིད་དབྱེ་ཞིབ་པ་ཨ་ར་ཏི་ ཇེ་རཐ་ཡིས་བྷི་ཇེ་པི་ཆབ་སྲིད་ཚོགས་པ་ནང་ཁུལ་དུ་བསམ་ཚུལ་མ་མཐུན་པར་ཟང་ཟིང་ནང་ཡོད། ཉེ་དུས་བྷི་ཇེ་པི་ཚོགས་པར་གྲོས་ཚོགས་འོག་མའི་ནང་འཐུས་མི་གྲངས་མང་གི་རྒྱལ་ཁ་ཐོབ་མེད་ཅེས་བཤད་འདུག

མངའ་སྡེ་ཁག་གི་འོས་བསྡུ་ནི་ཧ་ཅང་གནད་འགག་ཆེན་པོ་ཆགས་ཀྱི་ཡོད། གང་ལགས་ཅེ་ན། དེས་གྲོས་ཚོགས་གོང་མའི་ནང་ཆབ་སྲིད་ཚོགས་པ་དང་མནའ་འབྲེལ་ཚོགས་པའི་སྟོབས་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་དང་དགེ་མཚན་ཡོད་ཅིང་། རུའི་ཀྲར་གསར་སྤེལ་ལས་ཁང་གི་གསར་འགོད་པས་རིང་མིན་འོས་བསྡུ་བྱེད་ལ་ཉེ་བའི་མངའ་སྡེ་ཁག་གསུམ་གྱི་འབྲིང་རིམ་མི་སྣ་བཅུ་ཕྲག་འགའ་ཤས་ཤིག་ལ་བྷི་ཇེ་པི་གཞུང་གིས་སྔོན་རྩིས་གཏན་འབེབས་བྱས་པའི་ནང་དཔྱ་ཁྲལ་སྤར་ཆ་བྱ་རྒྱུའི་གནད་དོན་ཐོག་འདྲི་བ་བྱས་སྐབས་མི་བཅུ་ཕྲག་གཅིག་ཙམ་གྱིས་སོ་སོའི་དཀའ་ལས་བརྒྱབས་ཏེ་བསགས་བཞག་པའི་མ་དངུལ་ལ་དཔྱ་ཁྲལ་སྤ་ཆ་བྱ་རྒྱུའི་འཆར་གཞི་ལ་ཧ་ཅང་བློ་ཕམ་བྱེད་ཀྱི་ཡོད་པའི་འགྲེལ་བརྗོད་བྱས་འདུག དེ་ཡང་རྒྱ་གར་གྱི་ཤར་ཕྱོགས་ཇར་ཀནྟ་མངའ་སྡེའི་ནང་གནས་པའི་མང་ཚོགས་འབྲེལ་མཐུད་ཀྱི་ལས་དོན་གཉེར་མཁན་ཀུ་མུཊ་རན་ཇན་གྱིས་སླེབས་ལ་ཉེ་བའི་འོས་བསྡུའི་སྐབས་ངས་བྷི་ཇེ་པི་ཚོགས་པར་འོས་ཤོག་འཕེན་དགོས་མིན་བསམ་བློ་ནན་གཏན་གཏང་གི་ཡིན་ཞེས་བཤད་འདུག

མང་ཚོགས་ཀྱི་བསམ་ཚུལ་བསྡུས་པར་གཞིགས་ན། རྒྱ་གར་གྱི་སྲིད་བློན་མོ་དྷིས་ཕྱི་ལོ་༢༠༡༤ལོ་ནས་རྒྱ་གར་གྱི་སྲིད་དབང་བཟུང་པ་ནས་བཟུང་འདི་ལོའི་སྔོན་རྩིས་གཏན་འབེབས་གནང་བའི་གནད་དོན་དེར་མང་ཚོགས་ཀྱིས་མི་དགའ་བ་ཆེ་ཤོས་བྱས་པ་མ་ཟད། ཁོང་ལ་རྒྱབ་སྐྱོར་བྱ་རྒྱུར་ཡང་ཐེ་ཚོམ་བྱེད་ཀྱི་ཡོད་པ་རེད།

ཡང་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་གར་ནང་ཆབ་སྲིད་ཚོགས་པ་གང་ཞིག་ལ་འོས་བསྡུའི་རྒྱལ་ཁ་ཐོབ་བཟོ་ཡོད་མེད་དེ་འབྲིང་རིམ་མི་མང་གི་རྒྱབ་སྐྱོར་ལ་རག་ལུས་ཡོད་ཅེས་དང་། རྒྱལ་ཁབ་ནང་ལས་མེད་ཀྱི་གྲངས་འབོར་མཐོ་བོ་ཆགས་པ་དང་ས་གནས་མང་ཚོགས་ཀྱི་འདོད་འདུན་བསྐོང་ཐུབ་མིན་བཅས་ཀྱིས་འོས་བསྡུའི་ཁ་ཕྱོགས་དེ་ཆབ་སྲིད་ཚོགས་པ་གང་གི་ཕྱོགས་སུ་འགྲོ་མེད་ལ་ཤུགས་རྐྱེན་ཆེན་པོ་བྱ་རྒྱུ་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག་ཅིང་། ཕྱི་ཟླ་༩པའི་ནང་རྒྱ་གར་གྱི་མངའ་སྡེ་མ་ཧ་རཤ་ཀྲ་དང་། ཧ་རི་ཡཱ་ན། ཇར་ཁནྟ། དབུས་གཞུང་གི་ཐད་ཀའི་འཛིན་སྐྱོང་འོག་ཡོད་པ་ཇ་མུ་དང་ཀ་ཤི་མིར་བཅས་ཀྱི་ནང་འོས་བསྡུ་བྱ་རྒྱུ་རེད།

རུའི་ཀྲར་གསར་སྤེལ་ལས་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG