ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༠/༡༨

ཡུག་ཀེ་རེན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུ་ཧང་གྷ་རིས་བཀག


ཧང་གྷ་རིའི་སྲིད་བློན་ཝིག་ཊོར་ཨོར་བྷན་དང་ཡུ་རོབ་མཉམ་འབྲེལ་གྱི་འགན་འཛིན་ཨུར་སུ་ལ་ཝོན་ཌར་ལེ་ཡན་རྣམ་གཉིས། ༢༠༢༢།༥།༩
ཧང་གྷ་རིའི་སྲིད་བློན་ཝིག་ཊོར་ཨོར་བྷན་དང་ཡུ་རོབ་མཉམ་འབྲེལ་གྱི་འགན་འཛིན་ཨུར་སུ་ལ་ཝོན་ཌར་ལེ་ཡན་རྣམ་གཉིས། ༢༠༢༢།༥།༩

༄༅།། ཡུག་ཀེ་རེན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུར་ཧང་གྷ་རིའི་སྲིད་བློན་ཝིག་ཊོར་ཨོར་བྷན་གྱིས་དགག་བྱ་བྱས། ཕྱི་ཟླ་༡༢་པའི་ཚེས་༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཛེ་ལན་སི་ཀིའི་དྲུང་ཡིག་ཆེན་མོས་ཡུག་ཀེ་རེན་གྱི་སྲིད་འཛིན་དང་ཧང་གྷ་རིའི་སྲིད་བློན་གཉིས་ཐུག་འཕྲད་བྱ་དགོས། ཡུག་ཀེ་རེན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་གྲོས་མོལ་ནར་འགྱངས་གཏོང་མི་ཉན་ཞེས་འབོད་སྐུལ་ཞུས། ཁ་སང་གཟའ་ལྷག་པའི་ཉིན་སྲིད་འཛིན་ཛེ་ལན་སི་ཀིའི་དྲུང་ཡིག་ཆེན་མོ་ཨན་ཌི་རི་ཡར་མག་(Andriy Yermak)་གིས་ཧང་གྷ་རིའི་ཕྱི་སྲིད་བློན་ཆེན་ཕི་ཊར་སི་ཡར་ཏོ་(Peter Szijjarto)་ལ་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཚོ་ཐུག་འཕྲད་བྱ་དགོས། ཧང་གྷ་རིའི་སྲིད་བློན་གྱིས་ཡུག་ཀེ་རེན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་གྲོས་མོལ་བཀག་པའི་རྒྱུ་མཚན་སོགས་ལ་གྲོས་མོལ་བྱ་དགོས་ཞེས་གྲོས་གཞི་བཏོན། དྲུང་ཡིག་ཆེན་མོ་ཡར་མག་གིས་ང་དང་ཧང་གྷ་རིའི་ཕྱི་སྲིད་བློན་ཆེན་འགོ་ཁྲིད་རྣམ་གཉིས་འོས་འཚམས་ཀྱི་དུས་སྐབས་ཤིག་ཏུ་ཐུག་འཕྲད་བྱེད་ཐུབ་པའི་འབད་བརྩོན་བྱ་རྒྱུའི་གྲོས་མཐུན་བྱུང་སོང་ཞེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ།།

ཧང་གྷ་རིའི་སྲིད་བློན་ཝིག་ཊོར་ཨོར་བྷན།
ཧང་གྷ་རིའི་སྲིད་བློན་ཝིག་ཊོར་ཨོར་བྷན།

ཧང་གྷ་རིའི་ཕྱི་སྲིད་བློན་ཆེན་སི་ཡར་ཏོས་ང་ཚོ་ཕྱོགས་གཉིས་ཀྱི་འགོ་ཁྲིད་ཟུང་ཐུག་འཕྲད་གྲོས་མོལ་བྱ་རྒྱུའི་གྲོས་མཐུན་བྱུང་ཡང་དེ་ལ་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་ཐོན་རྒྱུ་དེ་བས་ཀྱང་གནད་འགག་ཆེ། ང་ཚོས་དེ་ལ་གྲ་སྒྲིག་དང་སྔོན་འགྲོའི་གྲོས་མོལ་ཞིབ་ཚགས་ཤིག་བྱ་དགོས་ཞེས་གསར་འགོད་གསལ་བསྒྲགས་སྤེལ། བདུན་ཕྲག་རྗེས་མར་ཡུག་ཀེ་རེན་དང་མོལ་ཌོ་ཝ་གཉིས་ཡུ་རོབ་མཉམ་འབྲེལ་ཁོངས་སུ་འཇུག་དགོས་མིན་ཐད་གྲོས་མོལ་བྱ་དགོས་པ་དང་རྒྱལ་ཁབ་གང་ཞིག་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཚུད་པར་ཚོགས་འཐུས་རྒྱལ་ཁབ་༢༧་སྤྱི་མོས་འབྱུང་དགོས། བདུན་ཕྲག་འདིའི་གཟའ་ཟླ་བ་ནས་ཧང་གྷ་རིའི་སྲིད་བློན་ཝིག་ཊོར་ཨོར་བྷན་(Viktor Orban)་ནས་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་ཆེན་ཐོག་ཏུ་ཡུག་ཀེ་རེན་འཇུག་རྒྱུའི་གྲོས་གཞི་མ་བཏོན་ན་ལེགས། དེ་ལ་གྲོས་མཐུན་ཡོང་མི་ཐུབ་པ་དང་ཧང་གྷ་རི་འཐད་པ་མེད་ཅེས་སྔོན་ནས་དགག་པ་བརྒྱབ། ཨུ་རུ་སུས་བཙན་འཛུལ་བྱས་པའི་ཕྱི་ཉིན་དེར་ཡུག་ཀེ་རེན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་སྙན་ཞུ་ཕུལ་འདུག

ཕྱི་ཟླ་༡༢་པའི་ཚེས་༤་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་འདིའི་ཚེས་༡༤་དང་༡༥་གཉིས་ལ་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་༢༧་གྱི་ཆེས་མཐོའི་འགོ་ཁྲིད་ཚོ་ཚོགས་འདུ་འཚོགས་ཀྱི་ཡོད་ཅིང་། ཧང་གྷ་རིའི་སྲིད་བློན་ཨོར་བྷན་གྱིས་ཡུ་རོབ་ལྷན་ཚོགས་ཀྱི་གཙོ་འཛིན་ལ་སྙན་ཞུ་ཕུལ་ནས་ཡུག་ཀེ་རེན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་མ་བཅུག་གོང་དུ་སྔོན་འགྲོའི་གྲོས་མོལ་ཡག་པོ་བྱ་དགོས། བཙན་བཀའ་བཏང་ན་ཡུ་རོབ་མཉམ་འབྲེལ་གྱི་མཐུན་སྒྲིལ་ལ་གནོད་སྲིད། ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་ཁག་སྤྱི་མོས་འབྱུང་ཁག་པོ་ཡིན་པས་གནད་དོན་དེ་ཚོགས་ཆེན་གྱི་གྲོས་གཞིའི་ཁོངས་སུ་མ་འདོན། ཡུ་རོབ་མཉམ་འབྲེལ་རྒྱ་སྐྱེད་དང་དངུལ་རྩིས་ཁོངས་སུ་ཡུག་ཀེ་རེན་ལ་རོགས་དངུལ་ཡུ་སྒོར་དུང་ཕྱུར་༥༠༠་སྤྲོད་རྒྱུ་འཁོད་པར་ཧང་གྷ་རི་མོས་མཐུན་མེད། ཡུག་ཀེ་རེན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་ཐུབ་པའི་ཆ་རྐྱེན་ཁག་འགྲུབ་པར་ཡུན་རིང་འགོར་གྱི་རེད་ཅེས་བཀག

ཡུ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད། ༢༠༢༢།༦།༢༣
ཡུ་རོབ་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད། ༢༠༢༢།༦།༢༣

ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་གིས་ཧང་གྷ་རིའི་སྲིད་བློན་ཨོར་བྷན་ནི་ཨུ་རུ་སུའི་སྲིད་འཛིན་ཕུ་ཊིན་གྱི་ཨ་ཕྲུག་གཙོ་བོ་ཞིག་རེད། ཁོ་པས་ཕུ་ཊིན་གྱི་མངོན་འདོད་བསྒྲུབས་ནས་ཡུ་རོབ་མཉམ་འབྲེལ་གྱི་མཐུན་སྒྲིལ་ལ་གཏོར་བརླག་བྱེད་ཀྱི་འདུག་ཅེས་སྐྱོན་བཙུགས། ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཡུག་ཀེ་རེན་ལ་ཨུ་རུ་སུའི་བཙན་འཛུལ་བྱུང་། ཡུ་རོབ་མཉམ་འབྲེལ་གྱིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད། ཡུག་ཀེ་རེན་ལ་དཔལ་འབྱོར་རོགས་དངུལ་སྤྲོད་རྒྱུའི་ཐག་བཅད་ཀྱང་ཧང་གྷ་རིའི་སྲིད་བློན་ཨོར་བྷན་གྱི་མི་རིགས་རིང་ལུགས་པའི་སྲིད་གཞུང་གིས་ཡུ་རོབ་མཉམ་འབྲེལ་གྱི་ཐག་གཅོད་ལ་ངོ་རྒོལ་བྱས། ཁོ་པས་དམག་འཁྲུག་གི་དུས་སུ་ཡུག་ཀེ་རེན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་འཇུག་རྒྱུའི་གྲོས་མོལ་འགོ་འཛུགས་བྱེད་མི་ཆོག ཡུག་ཀེ་རེན་བཅུག་ན་ཡུ་རོབ་མཉམ་འབྲེལ་གྱི་ཚོགས་འཐུས་རྒྱལ་ཁབ་༢༧་ལ་རོགས་དངུལ་བགོ་བཤའ་རྒྱག་གི་ཡོད་པར་དོ་ཕོག་འབྱུང་གི་རེད་ཅེས་རྒྱུ་མཚན་བགྲངས།།

ཕྱི་ཟླ་༡༢་པའི་ཚེས་༧་ཉིན་ཡུག་ཀེ་རེན་གྱི་སྒྲ་སྐད་གསར་པ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཛེ་ལན་སི་ཀིས་(Zelensky)་༢༠༢༣་གྱི་ལོ་མཇུག་མཚམས་སུ་ཡུ་རོབ་མཉམ་འབྲེལ་གྱིས་བཏོན་པའི་ཆ་རྐྱེན་ཁག་ཡུག་ཀེ་རེན་གྱིས་བསྒྲུབ་ཐུབ། ཡུག་ཀེ་རེན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་དངོས་གཞིའི་གྲོས་མོལ་འགོ་འཛུགས་རྒྱུ་ནི་གལ་འགངས་ཆེན་པོ་ཡིན། ད་ལྟའི་དམག་འཁྲུག་གིས་ཡུག་ཀེ་རེན་གཅིག་པུ་མ་ཡིན་པར་ཡུ་རོབ་ཀྱི་ལས་དབང་ལ་འགྱུར་བ་གཏོང་རྒྱུའི་ཉེན་ཁ་འདུག དེར་བརྟེན་ཡུག་ཀེ་རེན་མགྱོགས་ནས་མྱུར་དུ་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་ཐུབ་པའི་གྲོས་མོལ་འགོ་འཛུགས་བྱ་དགོས་ཞེས་ནན་བརྗོད་བྱས་པར་མ་ཟད། ཡུག་ཀེ་རེན་གྱིས་ལྐོག་ཟ་རུལ་སུངས་ལ་འཐབ་རྒོལ་དང་ཁྲིམས་འཛིན་ལམ་ལུགས་ཡར་རྒྱས། ང་ཚོའི་འཛིན་སྐྱོང་ལམ་ལུགས་སོགས་ཕྱི་གསལ་ནང་གསལ་བྱ་དགོས་ཞེས་ཡུ་རོབ་མཉམ་འབྲེལ་གྱིས་བཏོན་པའི་ཆ་རྐྱེན་ཁག་གང་ལེགས་བསྒྲུབས་ཡོད། ཡུ་རོབ་མཉམ་འབྲེལ་གྱིས་ཀྱང་རང་གི་ཁས་ལེན་དམ་བཅའ་རྣམས་བརྩི་འཇོག་བྱེད་པའི་རེ་བ་ཡོད་ཅེས་བཀྲལ།།

ཨུ་རུ་སུས་བཙན་འཛུལ་བྱས་ནས་དམག་འཁྲུག་གི་དཀའ་སྡུག་མྱོང་བཞིན་པའི་ཡུག་ཀེ་རེན་ལ་མཚོན་ན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུ་ནི་ཧ་ཅང་གི་དོན་དག་ཆེན་པོ་ཞིག་ཡིན་ཞིང་། སྲིད་འཛིན་ཛེ་ལན་སི་ཀིས་ཡུ་རོབ་མཉམ་འབྲེལ་གྱིས་ང་ཚོའི་ལེགས་བཅོས་ཁག་ལ་ཞིབ་འཇུག་བྱས་ནས་བསྐྱར་དུ་བསམ་འཆར་བཏོན་པ་རྣམས་ཀྱང་༢༠༢༤་ཡི་སྔོན་ལ་སྒྲུབ་ཐུབ། ང་ཚོས་ཡུ་རོབ་མཉམ་འབྲེལ་གྱིས་བསམ་འཆར་བཏོན་པ་བརྒྱ་ཆ་༩༠་ལྷག་བསྒྲུབས་ཟིན་ཡོད་ཅེས་བསྟན། ཕྱི་ཟླ་༡༡་པའི་ཚེས་༢༩་ཉིན་ཡུ་རོབ་མཉམ་འབྲེལ་གྱི་འགན་འཛིན་ཨུར་སུ་ལ་ཝོན་ཌར་ལེ་ཡན་(Ursual von der Leyen)་གྱིས་ང་ཚོས་བཏོན་པའི་ཆ་རྐྱེན་ཕལ་མོ་ཆེ་ཡུག་ཀེ་རེན་གྱིས་བསྒྲུབས་ཚར་འདུག ད་ལྟ་ཡུག་ཀེ་རེན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུའི་དངོས་གཞིའི་གྲོས་མོལ་འགོ་འཛུགས་བྱེད་ཆོག་ཅེས་བསྒྲགས། ཡུ་རོབ་མཉམ་འབྲེལ་གྱིས་རྒྱལ་ཁབ་གསར་པ་ཞིག་ཚོགས་ཁོངས་དེར་འཇུག་དགོས་ན་ལོ་མང་རིང་བརྟག་དཔྱད་བྱེད་ཀྱི་ཡོད་ཀྱང་ཨུ་རུ་སུའི་བཙན་འཛུལ་བྱུང་བའི་རྐྱེན་གྱིས་ཡུག་ཀེ་རེན་དང་མོལ་ཌོ་ཝ་གཉིས་མྱུར་དུ་ཚོགས་ཁོངས་སུ་འཇུག་རྒྱུའི་གྲོས་མོལ་འགོ་འཛུགས་བྱ་དགོས་པའི་ཐག་བཅད།།

ཧྥ་རན་སིའི་སྲིད་འཛིན་མེག་རོན་དང་ཡུག་ཀེ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀེ། ༢༠༢༣།༡༠།༥
ཧྥ་རན་སིའི་སྲིད་འཛིན་མེག་རོན་དང་ཡུག་ཀེ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀེ། ༢༠༢༣།༡༠།༥

ཕྱི་ཟླ་༡༢་པའི་ཚེས་༧་ཉིན་པོ་ལི་ཊི་ཀོ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧྥ་རན་སིའི་སྲིད་འཛིན་མེག་རོན་(Macron)་གྱིས་ཧང་གྷ་རིའི་སྲིད་བློན་ཨོར་བྷན་ལ་གསོལ་སྟོན་བཤམས་ནས་ཡུག་ཀེ་རེན་ཡུ་རོབ་མཉམ་འབྲེལ་ཁོངས་སུ་ཞུགས་རྒྱུ་འགོག་གི་ཡོད་པའི་དགག་བྱ་ཕྱིར་འཐེན་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་མོད། འོན་ཀྱང་སྲིད་འཛིན་མེག་རོན་གྱི་ཐབས་ཇུས་དེར་གྲུབ་འབྲས་འཐོན་རྒྱུ་ཡིན་མིན་བཤད་དཀའ། ཧྥ་རན་སིའི་ཕྱི་འབྲེལ་མི་སྣ་ཚོས་ཧང་གྷ་རིས་ལངས་ཕྱོགས་མཁྲེགས་པོ་འཛིན་གྱི་འདུག ང་ཚོས་ཀྱང་ཧང་གྷ་རིའི་དགག་བྱ་དེ་ཚོར་སྣང་ཆུང་མ་བྱས་པར་མཐོ་རིམ་འགོ་ཁྲིད་རིམ་པའི་གྲོས་མོལ་བྱེད་ཀྱི་ཡོད། ཧང་གྷ་རིའི་དགག་བྱ་ལའང་རྒྱུ་མཚན་མེད་པ་ཞིག་མ་རེད། སྲིད་བློན་ཨོར་བྷན་ནས་སྲིད་འཛིན་མེག་རོན་གྱི་མགྲོན་འབོད་དང་ལེན་བྱས་པ་ཁོ་ན་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་རེད་ཟེར། ཡུ་རོབ་ཀྱི་ཕྱི་འབྲེལ་མི་སྣ་ཁག་ཅིག་གིས་ཧྥ་རན་སིའི་སྲིད་འཛིན་གྱིས་ཌོ་ནལ་ཊམ་དང་ཕུ་ཊིན་ལ་གྲོས་མོལ་བྱས་ནས་གྲུབ་འབྲས་མ་ཐོན། ཧང་གྷ་རི་སིའི་སྲིད་བློན་ལ་གྲོས་མོལ་བྱས་ཀྱང་གྲུབ་འབྲས་འཐོན་གྱི་མ་རེད་ཅེས་རེ་བ་བརླགས།།

འཇར་མན་གྱི་ཕྱི་སྲིད་བློན་ཆེན་ཨ་ན་ལེ་ན་བྷེར་བྷོག་(Annalena Baerbock)་གིས་ང་ཚོར་གཡོ་སྒྱུ་འཁྲབ་ནས་འདུག་ལོང་མེད། ཡུ་རོབ་ལ་གཏོར་རྒོལ་ཕོག་ནས་ཞི་བདེ་མེད་པར་གྱུར་ཡོད་པའི་སྐབས་འདིར་ང་ཚོས་གང་ཐུབ་ཀྱིས་རང་གི་མི་དམངས་དང་ཡུག་ཀེ་རེན་མི་དམངས་རྣམས་སྐྱོབ་ཐབས་བྱ་དགོས། ཡུ་རོབ་ཀྱི་ཕྱི་འབྲེལ་མི་སྣ་མང་པོས་ཨོར་བྷན་གྱིས་ཧང་གྷ་རིར་ཡུ་རོབ་མཉམ་འབྲེལ་ནས་རོགས་དངུལ་མང་བ་དགོས་ཟེར་གྱི་ཡོད་པ་ཡིན་ནམ། ཡང་ན་ཁོ་པས་རྩ་དོན་ཞིག་གི་ཐོག་ཏུ་ཡུག་ཀེ་རེན་འགོག་གི་ཡོད་པ་ཤེས་ཀྱི་མི་འདུག དོན་དངོས་སུ་ཨོར་བྷན་གྱིས་ཨུ་རུ་སུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་ང་ཚོས་དེ་ལ་ལན་པ་ཇི་ལྟར་སློག་དགོས་མིན་གྲོས་སྡུར་བྱ་དགོས། ང་ཚོས་ཨོར་བྷན་ལ་ངོ་བསྲུངས་ནས་དོན་དག་འགྲུབ་མི་ཐུབ་པ་དང་ཁོ་པར་ཁ་གཏད་གཅོག་དགོས་ཞེས་ངར་ལངས། ཨེ་སི་ཊོ་ཎི་ཡའི་ཕྱི་སྲིད་སྤྱི་ཁྱབ་དྲུང་ཆེས་གནད་དོན་དེ་ཡུག་ཀེ་རེན་དང་ཡུ་རོབ་ཀྱི་བདེ་འཇགས་ལ་ཐུག་པའི་རྩ་དོན་ཞིག་རེད། ང་ཚོས་མཚན་སྐྱོང་བྱ་དགོས་ཐུག་ཀྱང་གྲོས་མོལ་བྱས་ནས་གནད་དོན་ཐག་གཅོད་བྱ་དགོས་ཞེས་བཤད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG