ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༡/༢༢

ཉི་ཧོང་གི་རྒྱལ་སྲུང་བློན་ཆེན་ཟུར་པ་ཨི་ཤི་བྷ་སྲིད་བློན་དུ་བདམས།


རྒྱལ་སྲུང་བློན་ཆེན་ཟུར་པ་ཤི་གྷེ་རུ་ཨི་ཤི་བྷ་
རྒྱལ་སྲུང་བློན་ཆེན་ཟུར་པ་ཤི་གྷེ་རུ་ཨི་ཤི་བྷ་

༄༅།། ཉི་ཧོང་གི་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པས་རྒྱལ་སྲུང་བློན་ཆེན་ཟུར་པ་ཤི་གྷེ་རུ་ཨི་ཤི་བྷ་(Shigeru Ishiba)་སྲིད་བློན་གསར་པར་བདམས། ཕྱི་ཟླ་༩་པའི་ཚེས་༢༧་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ནི་ཨི་ཤི་བྷ་ཉི་ཧོང་གི་སྲིད་བློན་འོས་མིར་ལངས་པ་ཐེངས་ལྔ་དང་གཟའ་པ་སངས་ཉིན་འདེམས་ཐོན་བྱུང་། ལོ་ན་༦༧་ལ་སོན་པའི་གྲོས་ཚོགས་འཐུས་མི་ཟུར་པ་དེ་སྲིད་དོན་གྱི་ཉམས་མྱོང་རྒད་པོ་ཞིག་ཡིན་པ་དང་རྗེས་སོར་སྲིད་བློན་ལ་བསྐྱར་དུ་ལངས་རྒྱུ་མིན་པའི་ཐག་བཅད། ཉི་ཧོང་གི་གཞུང་འཛིན་ཚོགས་པའི་ནང་ཁུལ་དུ་སྲིད་བློན་འོས་མི་འགའ་ཞིག་བྱུང་སྟེ་མཐའ་མཇུག་རྒྱལ་སྲུང་བློན་ཆེན་ཟུར་པ་ཨི་ཤི་བྷ་དང་མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་པ་ས་ནེ་ཏ་ཀེ་ཆི་(Sanae Takaichi)་གཉིས་འགྲན་རྩོད་ཐུག་སྟེ་ཨི་ཤི་བྷར་རྒྱལ་ཀ་ཐོབ། ཉེ་ཆར་ཕྱི་ཟླ་༨་པའི་ནང་སྲིད་བློན་ཀི་ཤི་དྷས་དགོངས་པ་ཞུ་རྒྱུའི་གསལ་བསྒྲགས་སྤེལ།།

མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་པ་ས་ནེ་ཏ་ཀེ་ཆི་
མི་རིགས་རིང་ལུགས་ཀྱི་ལྟ་བ་མཁྲེགས་འཛིན་པ་ས་ནེ་ཏ་ཀེ་ཆི་

འཛམ་གླིང་དམག་ཆེན་གཉིས་པའི་གཞུག་གི་དུས་སྐབས་ཕལ་ཆེ་བར་ཉི་དམངས་གཙོ་གུ་ཡངས་ཚོགས་པས་ཉི་ཧོང་ལ་དབང་ལུང་བསྒྱུར། བདུན་ཕྲག་རྗེས་མའི་གཟའ་མིག་དམར་ཉིན་ཉི་ཧོང་གི་རྒྱལ་ཡོངས་གྲོས་ཚོགས་དམིགས་བསལ་ལས་དུས་ཤིག་ཚོགས་ནས་ཨི་ཤི་བྷ་སྲིད་བློན་དུ་གདམ་རྒྱུའི་འོས་ཤོག་འཕེན་དགོས། ཉི་ཧོང་གི་གྲོས་ཚོགས་སུ་དམངས་གཙོ་གུ་ཡངས་ཚོགས་པར་འཐུས་མི་གྲངས་མང་ཡིན་པས་ཨི་ཤི་བྷ་སྲིད་བློན་དུ་གདམ་རྒྱུར་འགོག་རྐྱེན་འཕྲད་མི་སྲིད་ཟེར། དེ་རིང་གི་འོས་བསྡུའི་རྗེས་སུ་རྒྱལ་སྲུང་བློན་ཆེན་ཟུར་པ་ཨི་ཤི་བྷས་དམངས་གཙོ་གུ་ཡངས་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོར་ང་ཚོས་མི་དམངས་ལ་ཡིད་ཆེས་བྱ་དགོས་པ་དང་སྙིང་སྟོབས་བསྐྱེད་ནས་ལྷག་བསམ་རྣམ་དག་གིས་བདེན་པ་བཤད་དགོས། ང་ཚོས་ལས་དོན་མཉམ་སྒྲུབ་བྱས་ནས་ཉི་ཧོང་ལ་བདེ་འཇགས་ལྡན་དང་ཉེན་ཁ་མེད་པ། མི་རྣམས་སླར་ཡང་འཛུམ་མདངས་ཕྱུང་ནས་འཚོ་གནས་བྱེད་ཐུབ་པ་ཞིག་ཏུ་བསྒྱུར་དགོས་ཞེས་བཤད།།

ད་ནས་ལོ་གཅིག་ལྷག་གི་རྗེས་སུ་ཉི་ཧོང་ལ་སྤྱི་ཡོངས་འོས་འདེམས་བྱེད་ཀྱི་ཡོད་ཅིང་། ཉི་ཧོང་གི་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པས་ཨི་ཤི་བྷ་སྲིད་བློན་དུ་བདམས་པ་དེ་ལ་བལྟས་ཚེ། དམངས་གཙོ་གུ་ཡངས་ཚོགས་པའི་འཐུས་མི་ཁག་ཅིག་བློ་ཁ་མ་ཚིམས་པའི་སྒེར་གྱི་སེམས་ནད་ཡོད་པ་ཟུར་དུ་བཞག་སྟེ་སྤྱི་ཡོངས་འོས་བསྡུར་གྲ་སྒྲིག་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མངོན། ཀན་དྷ་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ཞིབ་འཇུག་སློབ་གླིང་གི་སློབ་དཔོན་གཞོན་པ་ཇཱེབ་རི་ཧོལ་(Jeffrey Hall)་གྱིས་ཨི་ཤི་བྷ་སྲིད་བློན་དུ་བདམས་པ་ནི་དམངས་གཙོ་གུ་ཡངས་ཚོགས་པས་ལོ་རྗེས་མར་མང་ཚོགས་འགུགས་ཐུབ་པའི་འོས་མི་ཞིག་ལ་བསམ་བློ་བཏང་བ་ཡིན་ཤས་ཆེ། ཨི་ཤི་བྷས་རང་གི་སྲིད་དོན་ཚོགས་པར་ནོར་འཁྲུལ་ཡོད་ན་སྐྱོན་བརྗོད་བྱ་རྒྱུར་འཛེམ་ཟོན་བྱེད་ཀྱི་མ་རེད་ཅེས་བསྟན། ཨི་ཤི་བྷ་ལས་རོགས་ཚོར་མཐུན་པོ་ཞིག་མིན་རུང་མང་ཚོགས་ཧ་ཅང་དགའ་སའི་མི་ཞིག་རེད་ཅེས་གསར་འགྱུར་ཐོན་འདུག

ཉམས་ཞིབ་པ་ཚོས་ཨི་ཤི་བྷས་སྲིད་བློན་གྱི་ལས་ཁུར་བཞེས་པའི་རྗེས་སུ་དཀའ་ངལ་འགའ་ཞིག་ལ་གདོང་ལེན་བྱ་དགོས་པ་སྟེ། ཉི་ཧོང་ལ་ཡུལ་ཐང་འཕར་ནས་མང་ཚོགས་ཀྱི་འཚོ་བའི་དཀའ་ངལ་ཕྲད་དེ་ཁོང་ཁྲོ་ལངས་ཡོད་པ་འཇོམས་ཐབས་དང་ཨེ་ཤི་ཡའི་ཤར་ཕྱོགས་སུ་ཞི་བདེ་བསྐྲུན་རྒྱུ། རྒྱ་ནག་གིས་འཁྲུག་རྩོད་སློང་གི་ཡོད་པ་དང་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་ཉེན་ཁ་བཅས་ལ་འགོག་རྒོལ་བྱ་དགོས་པར་མ་ཟད། ཨི་ཤི་བྷས་རྟག་ཏུ་ཨ་རི་དང་ཉི་ཧོང་གི་འབྲེལ་བ་ཆ་མཉམ་ཞིག་འཛིན་དགོས་ཟེར་གྱི་ཡོད་པས་ཨ་མི་རི་ཀར་འབྲེལ་བ་གང་འདྲ་ཞིག་འཛིན་རྒྱུ་ཡིན་མིན། ཁོང་གིས་ཨེ་ཤི་ཡའི་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཤིག་འཛུགས་དགོས་ཞེས་གླེང་སློང་བྱས་པ་ལག་ལེན་བསྟར་ཐབས་བྱ་རྒྱུ་ཡིན་མིན་རྣམས་དོ་སྣང་བྱ་དགོས་པ་ཞིག་ཏུ་གྱུར། ཉི་ཧོང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་ར་མན་ཨེ་མ ནུལ་(Rahm Emanul)་གྱིས་ཨི་ཤི་བྷ་སྲིད་བློན་དུ་འདེམས་ཐོན་བྱུང་བར་འཚམས་འདྲི་དང་རྟེན་འབྲེལ་ཞུས།།

ཕྱི་ཟླ་༩་པའི་ཚེས་༢༧་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་ཤི་བྷས་ཉི་ཧོང་གི་ས་ཐོག་ཏུ་ཨ་རིའི་དམག་སྒར་ཡོད་པ་ལྟར་ཨ་མི་རི་ཀའི་ས་ཐོག་ཏུའང་ཉི་ཧོང་གི་རང་སྲུང་དམག་ལ་སྦྱོང་བརྡར་སྤྲོད་ས་དམག་སྒར་འཛུགས་དགོས་ཞེས་གྲོས་གཞི་བཏོན། མི་ཚོས་ཨི་ཤི་བྷ་སྔ་མོ་ནས་ཐེ་ཝན་གྱི་དམངས་གཙོའི་ལམ་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་གཙོ་བོ་ཞིག་ཡིན་ཞིང་། ཁོང་གིས་ཉི་ཧོང་གི་རྒྱལ་སྲུང་སྟོབས་ཤུགས་ཡར་རྒྱས་གཏོང་རྒྱུ་དང་ཕོ་མོ་འདྲ་མཉམ་མེད་པ་སྙོམས་ཐབས། ཉི་ཧོང་གི་སྤྱི་ཚོགས་སུ་མཚན་མཐུན་གཉེན་སྒྲིག་བྱ་རྒྱུར་རྒྱབ་སྐྱོར། སྲིད་དོན་ཚོགས་པའི་ནང་ཁུལ་གྱི་རྙིང་ཞེན་མཁྲེགས་འཛིན་པ་དབང་ཐང་ཅན་ཚོར་མི་དགའ་བའི་མི་ཞིག་རེད་ཅེས་གླེང་། ཐོག་མར་༡༩༨༦་ལོར་གྲོས་ཚོགས་འཐུས་མིར་བདམས་པའི་རྗེས་སུ་རྒྱལ་སྲུང་བློན་ཆེན་དང་ཞིས་ལས་བློན་ཆེན། སྲིད་བློན་དམ་པ་ཤིན་ཛོ་ཨ་བྷེའི་སྐབས་སུ་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པའི་སྤྱི་ཁྱབ་དྲུང་ཆེ་སོགས་ཀྱི་གོ་གནས་བཟུང་བའི་གནས་ཚུལ་ཐོན་འདུག

སྲིད་བློན་ལས་ཐོག་ཀི་ཤི་དྷས་དམངས་གཙོ་གུ་ཡངས་ཚོགས་པ་སླར་གསོ་བྱུང་བ་རེད། མི་དམངས་ཀྱི་མངོན་འདོད་སྐུང་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད། ཉི་ཧོང་ལ་རང་གི་མངའ་ཁུལ་དང་ས་གནས་གཞན་ནས་བདེ་འཇགས་ཀྱི་ཉེན་ཁ་འཕྲད་ཀྱི་ཡོད་པ་རེད། ཉི་ཧོང་གིས་ངེས་པར་དུ་རྒྱལ་སྲུང་སྟོབས་ཤུགས་ཡར་རྒྱས་བཏང་སྟེ་ཨ་མི་རི་ཀར་འབྲེལ་བ་གང་ལེགས་འཛིན་དགོས་ཞེས་ནན་གྱིས་བསྐུལ། བདུན་ཕྲག་རྗེས་མའི་གཟའ་མིག་དམར་ཉིན་སྲིད་བློན་ཀི་ཤི་དྷ་དང་བློན་ཆེན་ཚོས་དགོངས་པ་ཞུས་ཏེ་སྲིད་བློན་གསར་པ་དང་བློན་ཆེན་གསར་པ་ཚོས་ལས་ཁུར་བཞེས་ནས་སྲིད་གཞུང་གསར་པ་ཚུགས་རྒྱུ། ཉི་ཧོང་གི་གཞུང་འཛིན་དམངས་གཙོ་གུ་ཡངས་ཚོགས་པར་ལྐོག་ཟ་སོགས་ཀྱི་མིང་ཤས་ངན་པ་ཕོག་ཀྱང་ཕྱོགས་འགལ་རྩ་ཁྲིམས་དམངས་གཙོ་ཚོགས་པས་གོ་སྐབས་བཟུང་ནས་འོས་བསྡུའི་རྒྱལ་ཁ་ཐོབ་ཏུ་འཇུག་མ་ཐུབ།།

ཐེ་ཝན་གྱི་སྲིད་འཛིན་ལེ་ཆིང་ཏེས་(Lai Ching-te)་ཉི་ཧོང་གི་འདེམས་ཐོན་སྲིད་བློན་ཨི་ཤི་བྷར་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱི་དབུ་ཁྲིད་འོག་ཏུ་ཉི་ཧོང་དང་ཐེ་ཝན་གྱི་འབྲེལ་བ་སྔར་ལས་ཡར་རྒྱས་འགྲོ་ཐུབ་པའི་རེ་བ་ཡོད། ཉི་ཧོང་གི་དམངས་གཙོ་གུ་ཡངས་ཚོགས་པ་དང་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པར་འབྲེལ་བ་དམ་ཟབ་ཡོད་པ་དེ་བས་ཀྱང་སྲ་བརྟན་གཏོང་དགོས་ཞེས་གསལ་བསྒྲགས་སྤེལ། དེ་རིང་གཟའ་པ་སངས་ཉིན་སྲིད་འཛིན་ལེ་ཆིང་ཏེ་ཀྲུང་ཧྭ་མིན་གོའི་དམག་དོན་སློབ་གླིང་ཚུགས་ནས་ལོ་༡༠༠་འཁོར་བའི་མཛད་སྒོ་ཞིག་ཐེ་ཝན་ལྷོ་ཕྱོགས་ཀྱི་གའོ་ཤུང་གྲོང་ཁྱེར་དུ་ཚོགས་པ་དེའི་སྐབས་སུ་ཉི་ཧོང་གི་འདེམས་ཐོན་སྲིད་བློན་ལ་རྟེན་འབྲེལ་ཞུས་འདུག ཟླ་བ་སྔོན་མར་ཨི་ཤི་བྷ་ཐེ་ཝན་དུ་ཕེབས་ནས་སྲིད་འཛིན་ལེ་ཆིང་ཏེ་དང་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་མཐོ་རིམ་འགོ་ཁྲིད་ཚོར་ཐུག་འཕྲད་གྲོས་མོལ་བྱུང་།།

ཐེ་ཝན་གྱི་ཕྱི་སྲིད་ལྷན་ཁང་གིས་ཉི་ཧོང་དུ་བཅའ་སྡོད་ཐེ་ཝན་གྱི་གཞུང་ཚབ་ཁང་ལ་མཚོ་གླིང་དེའི་གཞུང་དམངས་གཉིས་ཀྱི་ཚབ་བྱས་ཏེ་མྱུར་དུ་ཉི་ཧོང་གི་འདེམས་ཐོན་སྲིད་བློན་ཨི་ཤི་བྷར་རྟེན་འབྲེལ་ཞུ་དགོས་ཞེས་མངགས། འཛམ་གླིང་རྒྱལ་ཁབ་མང་ཆེ་བས་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱས་ནས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་མེད་མོད། འོན་ཀྱང་ཨ་མི་རི་ཀ་དང་ཉི་ཧོང་གཉིས་ནི་རྒྱལ་སྤྱིའི་ཐོག་ཏུ་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེ་ཤོས་གཉིས་ཡིན་པས་རྒྱ་ནག་ལ་རྟག་ཏུ་ཕོག་ཐུག་སོང་། ཕྱི་ཟླ་༩་པའི་ཚེས་༢༧་ཉིན་ཉི་ཧོང་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལིན་ཅན་(Lin Jian)་གྱིས་ཉི་ཧོང་དང་རྒྱ་ནག་གི་ཕུགས་རྒྱང་རིང་པོའི་འབྲེལ་བར་བསམ་བློ་གཏོང་དགོས། རྒྱ་ནང་དང་ཉི་ཧོང་མི་དམངས་ཀྱི་ཁེ་ཕན་གཙིགས་སུ་བཟུང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་བརྟན་པོ་དང་བཟང་པོ་ཞིག་འཛིན་རྒྱུ་ནི་གདམ་ཀ་འབའ་ཞིག་དེ་རེད་ཅེས་ཉི་ཧོང་གི་སྲིད་བློན་གསར་པར་སྔོན་བརྡ་བཏང་འདུག

གླེང་སྟེགས།

XS
SM
MD
LG