ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཉི་ཧོང་དུ་ལོ་ངོ་༣༠ རིང་བྱུང་མ་མྱོང་བའི་མེ་སྐྱོན་ཆེན་པོ་ཤོར་བ།
གཟའ་ལྷག་པ། ༢༠༢༥/༠༤/༠༩

ཉི་ཧོང་དུ་ལོ་ངོ་༣༠ རིང་བྱུང་མ་མྱོང་བའི་མེ་སྐྱོན་ཆེན་པོ་ཤོར་བ།


སྤྱི་ལོ་༢༠༢༥ ཟླ་༢ ཚེས་༢༨ ཉིན། ཨི་ཝ་ཏི་རྫོང་གི་ཨོ་ཧྥུ་ན་ཏོ་གྲོང་ཁྱེར་གྱི་ཉེ་འགྲམ་གྱི་རི་རྩེར་ཐད་འཕུར་གནམ་གྲུས་མེ་གསོད་བཞིན་པའི་ངང་ཚུལ།
སྤྱི་ལོ་༢༠༢༥ ཟླ་༢ ཚེས་༢༨ ཉིན། ཨི་ཝ་ཏི་རྫོང་གི་ཨོ་ཧྥུ་ན་ཏོ་གྲོང་ཁྱེར་གྱི་ཉེ་འགྲམ་གྱི་རི་རྩེར་ཐད་འཕུར་གནམ་གྲུས་མེ་གསོད་བཞིན་པའི་ངང་ཚུལ།

ཉི་ཧོང་གི་བྱང་ཤར་ས་ཁུལ་གྱི་ཨི་ཝ་ཏི་རྫོང་གི་ནང་ཉེ་བའི་ལོ་ངོ་༣༠ ནང་བྱུང་མ་མྱོང་བའི་རི་ལ་མེ་སྐྱོན་ཚབས་ཆེན་ཞིག་ཤོར་ཡོད་པ་AFP གསར་ཁང་གིས་གནས་ཚུལ་སྤེལ་འདུག།

ད་ཆ་ཉིན་ལྔ་པར་སླེབས་ཡོད་ཀྱང་མེ་སྐྱོན་ཚབས་ཆེན་དེ་ད་དུང་མུ་མཐུད་ནས་ཁྱབ་གདལ་དུ་འགྲོ་བཞིན་པ་དང་། རྐྱེན་ངན་དེ་ལས་ད་ཕན་མི་གཅིག་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ས་ཁུལ་མང་པོ་ནས་མི་སྟོང་ཕྲག་མང་པོ་སོ་སོའི་ཁྱིམ་གཞིས་ཤུལ་ལ་བཞག་ནས་བྲོས་བྱོལ་བྱེད་དགོས་བྱུང་འདུག།

སྤྱི་ཟླ་༣ པའི་ཚེས་༢ རེས་གཟའ་ཉི་མའི་ཉིན་གཞུང་འབྲེལ་གནས་ཚུལ་སྤེལ་བ་ལྟར་ན། གཞུང་གི་ངོས་ནས་མི་གྲངས་༤༥༠༠ ལྷག་ལ་བྲོས་བྱོལ་བྱེད་དགོས་པའི་བཀོད་ཁྱབ་བཏང་ཡོད་པ་དང་། ཨི་ཝ་ཏིའི་རྫོང་གི་ཨོ་ཧྥུ་ན་ཏོ་གྲོང་ཁྱེར་Ofunato གྱི་ཉེ་འཁོར་ས་ཁུལ་ནས་མི་གྲངས་༢༠༠༠ ཙམ་ཞིག་སོ་སོའི་གྲོགས་པོ་དང་གཉེན་ཉེ་རྣམས་ཀྱི་འཁྲིས་ལ་མེ་གཡོལ་དུ་ཕྱིན་ཡོད་པ་དང་། དེ་མིན་མི་གྲངས་༡༢༠༠ ལྷག་ཙམ་སྐྱབས་བཅོལ་བའི་སྡོད་སྒར་དུ་གནས་སྤོ་བྱས་ཡོད་འདུག།

ཉི་ཧོང་གི་གསར་འགྱུར་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་དོན་དུ། ཨི་ཝ་ཏིའི་རྫོང་གིས་ཚོད་དཔག་བྱས་པ་ལྟར་ན། རེས་གཟའ་ཉི་མའི་སྔ་དྲོ་ཆུ་ཚོད་༦ པའི་བར་དུ་མེས་ཚིག་པའི་ས་ཁྱོན་དེ་སྤྱི་ཆིང་༡༨༠༠ ཙམ་དུ་རྒྱ་སྐྱེད་དུ་ཕྱིན་ཡོད་པ་དང་། ཟླ་༣ ཚེས་༡ ཉིན་གྱི་སྔ་དྲོ་ནས་ཚེས་༢ བར་མེའི་ཁྱབ་ཚད་སྤྱི་ཆིང་༤༠༠ ཙམ་ཡར་འཕར་ཡོད་པའི་གནས་ཚུལ་ཐོན་འདུག།

གླེང་སྟེགས།

XS
SM
MD
LG