རའེ་ཌར་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་སི་རལ་གྱི་སྲིད་བློན་ལས་ཁུངས་ཀྱིས་སྤྱི་ཟླ་༣ པའི་ཚེས་༢ རེས་གཟའ་ཉི་མའི་ཉིན་ལ། ཨི་སི་རལ་གྱི་ངོས་ནས་སྲིད་འཛིན་ཌོ་ནལ་ཊམ་གྱི་དཀྱིལ་ཤར་དམིགས་བསལ་སྐུ་ཚབ་སི་ཏི་ཝུ་ཝེ་ཊི་ཁོ་ཧྥུ་Steve Witkoff ལགས་ཀྱིས་སྨྱུང་གནས་དུས་ཆེན་དང་། ཇུའུ་མི་རིགས་ཀྱིས་ཕཱ་སོ་ཝེར་Passover དུས་ཆེན་གྱི་སྐབས་སུ་གྷ་ཟར་མེ་འཕེན་མཚམས་འཇོག་གི་དུས་ཡུན་ཇེ་རིང་དུ་གཏང་རྒྱུའི་འཆར་གཞི་ཇི་བཞིན་ལག་ལེན་བསྟར་རྒྱུ་ཡིན་པ་བརྗོད་འདུག། དེ་སྔོན་གྱི་མེ་འཕེན་མཚམས་འཇོག་སྐབས་དང་པོ་དེ་དུས་ཚོད་རྫོགས་ཡོད་པ་རེད།
ཨི་སི་རལ་གྱི་སྲིད་བློན་བྷེན་ཇ་མིན་ནེ་ཐ་ན་ཡ་ཧུ་ཡི་ལས་ཁུངས་ཀྱིས་སི་ཏི་ཝུ་ཝེ་ཊི་ཁོ་ཧྥུ་ཡི་འཆར་གཞི་ལག་བསྟར་གནང་བའི་ཉིན་དང་པོར་གྷ་ཛ་ལ་བཀག་ཉར་བྱས་པའི་ཤི་གསོན་གཉིས་ཆའི་ཁོངས་ནས་མི་གཏའ་ཕྱེད་ཀ་གློད་བཀྲོལ་གཏང་རྒྱུ་དང་། དེ་ལས་གཞན་པའི་ལྷག་མ་རྣམས་གཏན་འཇགས་མེ་འཕེན་མཚམས་འཇོག་བཞག་རྗེས་གློད་བཀྲོལ་གཏང་རྒྱུ་ཡིན་པ་རེད་བརྗོད་འདུག།
ཨི་སི་རལ་གྱི་སྲིད་བློན་བྷེན་ཇ་མིན་ནེ་ཐ་ན་ཡ་ཧུ་ཡི་ལས་ཁུངས་ཀྱིས་བརྗོད་དོན་བྱས་ན། སི་ཏི་ཝུ་ཝེ་ཊི་ཁོ་ཧྥུ་ལགས་ཀྱིས་གཏན་འཇགས་དམག་མཚམས་འཇོག་པའི་གྲོས་མོལ་བྱེད་པར་དུས་ཚོད་མང་བ་དགོས་ཀྱི་ཡོད་པ་ཤེས་རྟོགས་བྱུང་རྗེས། ད་ལྟའི་མེ་འཕེན་མཚམས་འཇོག་གི་དུས་ཡུན་ཇེ་རིང་དུ་གཏོང་བའི་གྲོས་འཆར་དེ་བཏོན་ཡོད་པ་རེད།
ཨ་རིས་དྲག་སྤྱོད་ཚོགས་པར་ངོས་འཛིན་བྱས་ཡོད་པའི་ཧ་མ་སིའི་མགྲིན་ཚབ་པ་ཧ་ཟིམ་ཁ་སིམ་Hazem Qassem གྱིས་རེས་གཟའ་སྤེན་པའི་ཞོགས་པར་བརྗོད་དོན་བྱས་ན། ཁོ་ཚོའི་ཚོགས་པས་གྷ་ཛ་ས་ཁུལ་གྱི་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་གྱི་རིམ་པ་དང་པོའི་དུས་ཡུན་རིང་དུ་གཏང་རྒྱུར་ངོས་ལེན་བྱས་མེད་ཀྱང་། སི་ཏི་ཝུ་ཝེ་ཊི་ཁོ་ཧྥུ་ལགས་ཀྱིས་བཏོན་པའི་འཆར་གཞིའི་སྐོར་ལ་ཁ་གསལ་གང་ཡང་གླེང་སློང་བྱས་མེད་པ་རེད།
གླེང་སྟེགས།