ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ཨི་སི་རལ་གྱིས་མེ་འཕེན་མཚམས་འཇོག་མ་བྱས་པར་དཔུང་འཇུག་ལ་བྲེལ།


ཧེ་ཛི་བྷོ་ལཱ་དང་ཨི་སི་རལ་གྱི་དམག་དཔུང་དབར་ས་མཚམས་བརྒལ་བའི་དམག་འཁྲུག
ཧེ་ཛི་བྷོ་ལཱ་དང་ཨི་སི་རལ་གྱི་དམག་དཔུང་དབར་ས་མཚམས་བརྒལ་བའི་དམག་འཁྲུག

༄༅།། ཨ་རི་དང་ཧྥ་རན་སི་གཉིས་ནས་ཨི་སི་རལ་གྱི་དམག་གིས་ལེ་བྷ་ནན་གྱི་ཧི་ཛི་བྷུ་ལཱ་འཇབ་དམག་ལ་འཐབ་རྒོལ་བྱེད་ཀྱི་ཡོད་པ་ཉི་མ་༢༡་ལ་མེ་འཕེན་མཚམས་འཇོག་བྱ་དགོས་ཞེས་གྲོས་གཞི་བཏོན། ཕྱི་ཟླ་༩་པའི་ཚེས་༢༦་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རི་དང་ཧྥ་རན་སིའི་གྲོས་གཞི་དེར་ཨི་སི་རལ་འཐད་པ་མ་བྱུང་བར་ས་ཐོག་ནས་ལེ་བྷ་ནན་ལ་དཔུང་འཇུག་བྱ་རྒྱུའི་གྲ་སྒྲིག་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་མངོན། གཟའ་ཕུར་བུའི་ཉིན་ཨི་སི་རལ་གྱི་ཕྱི་སྲིད་བློན་ཆེན་ཀ་ཛིས་(Katz)་བྱང་ཕྱོགས་སུ་མེ་འཕེན་མཚམས་འཇོག་བྱ་རྒྱུ་མིན། ང་ཚོས་རང་གི་སྟོབས་ཤུགས་ཡོད་ཚད་བཏོན་ནས་ཧི་ཛི་བྷུ་ལཱ་འཇིགས་སྐུལ་སྒྲིག་འཛུགས་ལ་འཐབ་རྒོལ་བྱ་རྒྱུ་ཡིན། ཨི་སི་རལ་ལ་རྒྱལ་ཁ་མ་ཐོབ་བར་དུ་འཐབ་རྒོལ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ཞེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ། སྲིད་བློན་ན་ཇིབ་མཱི་ཀ་ཏིས་(Najib Mikati)་ལེ་བྷ་ནན་ལ་མྱུར་དུ་ཞི་བདེ་བསྐུན་ཐུབ་པའི་རེ་བ་བཅངས་པ་སྟོང་ཟད་དུ་གྱུར།།

སྲིད་བློན་ན་ཇིབ་མཱི་ཀ་ཏིས་
སྲིད་བློན་ན་ཇིབ་མཱི་ཀ་ཏིས་

ན་ནིང་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གིས་ཨི་སི་རལ་ལ་གློ་བུར་དུ་འཇབ་རྒོལ་བྱས་ནས་གྷ་ཛའི་དམག་འཁྲུག་ལངས། དེ་ནས་ཧི་ཛི་བྷུ་ལཱ་འཇབ་དམག་གིས་ཨི་སི་རལ་གྱི་བྱང་ཕྱོགས་སུ་རྒོལ་རྡུང་བྱ་རྒྱུ་འགོ་ཚུགས བདུན་ཕྲག་འདིའི་གཟའ་ཟླ་བ་ནས་ཨི་སི་རལ་དང་ཧི་ཛི་བྷུ་ལཱའི་འཐབ་འཁྲུག་གི་ཛ་དྲག་ཆེ་རུ་སོང་། ཉིན་དེར་ཨི་སི་རལ་གྱི་གནམ་དམག་གིས་རྒོལ་རྡུང་བྱས་ནས་མི་༦༠༠་ལྷག་བསད་པ་དང་མི་༢༠༠༠་ལྷག་རྨས། ལེ་བྷ་ནན་གྱི་མི་མང་ས་ཡ་ཕྱེད་ཀ་ཙམ་ས་གནས་གཞན་དུ་བྲོས་ཏེ་སྨན་ཁང་ཁག་རྨས་མས་ཁེངས། དེ་ནི་༡༩༧༥་ནས་༡༩༩༠་བར་དུ་ལངས་པའི་ལེ་བྷ་ནན་གྱི་ནང་འཁྲུག་རྗེས་སུ་བྱུང་མྱོང་མེད་པའི་མི་གསོད་ཁྲག་སྦྱོར་ཆེན་པོ་ཞིག་ཡིན་ཞིང་། ཧི་ཛི་བྷུ་ལཱ་འཇབ་དམག་གིས་གཏོར་རྒོལ་བྱས་ཏེ་ཨི་སི་རལ་གྱི་བྱང་ཕྱོགས་ནས་མི་གྲངས་༧༠༠༠༠་ས་གནས་གཞན་དུ་སྤོས། འདས་པའི་ཉིན་ཤས་ནང་དུ་མི་མང་དེ་རྣམས་རང་གནས་སུ་ཕྱིར་ལོག་ཐུབ།།

དེ་རིང་གཟའ་ཕུར་བུའི་ཉིན་ཨི་སི་རལ་གྱི་དམག་གི་མགྲིན་ཚབ་པ་ཞིག་གིས་ཧི་ཛི་བྷུ་ལཱ་འཇིགས་སྐུལ་རིང་ལུགས་པ་རྣམས་དང་དམག་གི་ཁང་ཆེན་འགའ། དེ་བཞིན་གོ་མཛོད་སོགས་ཁང་ཆེན་བཅུ་ཕྲག་འགའ་ཞིག་དམིགས་འབེན་དུ་བཟུང་ནས་རྩ་གཏོར་བཏང་ཡོད། ལེ་བྷ་ནན་ནས་འཕུར་མདེལ་༤༥་འཕངས་ཏེ་ཨི་སི་རལ་གྱི་ནུབ་ཕྱོགས་སུ་ཆགས་པའི་གྷ་ལི་ལི་མངའ་ཁུལ་དུ་རྒོལ་རྡུང་བྱས་བྱུང་ཟེར། བདུན་ཕྲག་སྔོན་མར་ལེ་བྷ་ནན་རྒྱལ་ཡོངས་དང་སི་རི་ཡ་སོགས་སུ་འགྲེམ་འཇོག་བྱས་ཡོད་པའི་ཧི་ཛི་བྷུ་ལཱ་འཇབ་དམག་གི་བརྡ་འབྱོར་འཕྲུལ་ཆས་ཕེ་ཇཱེར་དང་ཝོ་ཀི་ཊོ་ཀི་ཁ་པར་ནང་གི་གློག་རྫས་རྣམས་དུས་གཅིག་ཏུ་བཀད་དེ་མི་༣༩་བསད་པ་དང་༣༠༠༠་ཡས་མས་ཤིག་ལ་རྨས་སྐྱོན་ཕོག ཨི་རན་དང་ལེ་བྷ་ནན་གཉིས་ཀྱིས་ཧི་ཛི་བྷུ་ལཱ་འཇབ་དམག་ལ་ཚབས་ཆེའི་རྒོལ་རྡུང་ཕོག་པ་དེའི་རྒྱབ་ཏུ་ཨི་སི་རལ་གྱི་གསང་བའི་ལས་ཁུངས་འདུག་ཅེས་ནག་ཉེས་བཙུགས།།

ཨི་སི་རལ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་ཧར་ཛི་ཧ་ལེ་ཝིས་
ཨི་སི་རལ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་ཧར་ཛི་ཧ་ལེ་ཝིས་

ཕྱི་ཟླ་༩་པའི་ཚེས་༢༥་ཉིན་བི་བི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་སི་རལ་གྱི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་པ་དམག་སྤྱི་ཧར་ཛི་ཧ་ལེ་ཝིས་(Lt Gen Herzi Halevi)་དཔུང་སྡེ་བདུན་པའི་དམག་མི་ཚོར་ཁྱེད་ཚོས་ཉིན་ཧྲིལ་པོར་འཐབ་འཛིང་གནམ་གྲུ་འཕུར་བའི་ལྡིར་སྒྲ་ཐོས་ཡོད་ངེས་རེད། ང་ཚོས་ཉིན་གང་པོར་རྒོལ་རྡུང་བྱས་པ་ཡིན། ཧི་ཛི་བྷུ་ལཱ་གང་དུ་ཡོད་ན་དེ་ལ་རྒོལ་རྡུང་བྱེད་ཀྱི་ཡོད། ང་ཚོའི་དམིགས་ཡུལ་ནི་ཧ་ཅང་གསལ་པོ་ཡིན། ཨི་སི་རལ་གྱི་མི་དམངས་རྣམས་བདེ་འཇགས་ངང་དུ་བྱང་ཕྱོགས་ཀྱི་རང་གནས་སུ་ཕྱིར་ལོག་ཐུབ་པ་ཞིག་བྱ་དགོས། དམིགས་ཡུལ་དེ་མ་འགྲུབ་པའི་སྔོན་དུ་ཨི་སི་རལ་གྱི་གནམ་དམག་གིས་ལེ་བྷ་ནན་གྱི་ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་ལ་རྒོལ་རྡུང་དྲག་པོ་བྱ་དགོས། དེའི་རྗེས་སུ་སྐམ་དམག་གིས་དགྲ་བོའི་ས་ཐོག་ཏུ་དཔུང་འཇུག་བྱ་རྒྱུའི་གྲ་སྒྲིག་བྱོས་ཞེས་བཀའ་ཕབ། དེར་བརྟེན་ཨི་སི་རལ་གྱི་དམག་གིས་ས་ཐོག་ནས་ལེ་བྷ་ནན་ལ་དཔུང་འཇུག་བྱ་རྒྱུ་ལྡོག་ཏུ་མེད་པར་སྣང་།།

ཁ་སང་གཟའ་ལྷག་པའི་ཉིན་ཧི་ཛི་བྷུ་ལཱ་འཇབ་དམག་གིས་ཨི་སི་རལ་གྱི་ཊེ་ལི་ཝིའུ་གྲོང་ཁྱེར་གྱི་མོ་ས་ད་ཕྱི་སོ་ལས་ཁུངས་ཀྱི་སྤྱི་ཁྱབ་ཁང་དམིགས་འབེན་དུ་བཟུང་ནས་འཕུར་མདེལ་གྱིས་རྒོལ་རྡུང་བྱས་ཀྱང་འཕུར་མདེལ་མང་ཆེ་བ་བར་སྣང་དུ་གཏོར། ཨི་སི་རལ་གྱི་གཞུང་འབྲེལ་མི་སྣ་ཚོས་མོ་ས་ད་ཕྱི་སོ་ལས་ཁུངས་ཀྱི་སྤྱི་ཁྱབ་ཁང་ཊེ་ལི་ཝིའུ་གྲོང་ཁྱེར་དུ་མེད། ཧི་ཛི་བྷུ་ལཱ་འཇབ་དམག་གིས་འཕུར་མདེལ་འཕངས་ནས་མི་ཚོགས་ཆེ་བའི་གྲོང་ཁྱེར་དེར་རྒོལ་རྡུང་བྱེད་ཀྱི་འདུག་ཅེས་བཀྲལ། ལེ་བྷ་ནན་གྱི་འཕྲོད་བསྟེན་བློན་ཆེན་ནས་གཟའ་ལྷག་པ་གཅིག་པུར་ཨི་སི་རལ་གྱིས་རྒོལ་རྡུང་བྱས་ནས་མི་༥༠་ལྷག་བསད་སོང་ཞེས་བཤད་པར་མ་ཟད། གཟའ་འཁོར་འདིར་ལེ་བྷ་ནན་གྱི་མི་མང་ཁྲི་ཚོ་༩་ལྷག་ཆགས་ས་རྟེན་ས་མེད། ལེ་བྷ་ནན་བ་འབུམ་༢་ཡས་མས་ཤིག་ཨི་སི་རལ་གྱིས་རྒོལ་རྡུང་མ་བྱས་སྔོན་ནས་ས་གནས་གཞིན་དུ་བྲོས་ཀྱང་མི་མང་དཀྱུས་མ་ཁྲི་ཚོ་༤་ལྷག་ལ་འབྲོས་ས་མེད་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྡོད་སྒར་ཁག་ཏུ་སྐྱབས་བཅོལ་ཞུས།།

ལེ་བྷ་ནན་གྱི་ལི་ཏ་ཎི་གཙང་པོ་
ལེ་བྷ་ནན་གྱི་ལི་ཏ་ཎི་གཙང་པོ་

ཨི་སི་རལ་དང་ལེ་བྷ་ནན་གཉིས་ལ་ས་མཚམས་སྤྱི་ལེ་༧༦་ཡོད་ཅིང་། ཨི་སི་རལ་གྱིས་ཧི་ཛི་བྷུ་ལཱ་འཇབ་དམག་རྣམས་༢༠༠༦་ལོར་བཞག་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལྟར་ལི་ཏ་ཎི་(Litani River)་གཙང་པོའི་བྱང་ཕྱོགས་སུ་ཕྱིར་འཐེན་བྱ་དགོས། ཧི་ཛི་བྷུ་ལཱ་འཇབ་དམག་རྣམས་ཕྱིར་འཐེན་བྱས་པའི་ཤུལ་དེར་ལེ་བྷ་ནན་གྱི་གཞུང་དམག་བཀྲམ་ནས་ས་མཚམས་སུ་སྐོར་གཡེང་བྱ་དགོས་ཞེས་ནན་གྱིས་བསྐུལ། ལི་ཏ་ཎི་གཙང་པོའི་ལྷོ་ཕྱོགས་སུ་ས་ཁྱོན་སྤྱི་ལེ་གྲུ་བཞི་མ་༨༥༠་ཡོད་པ་དེར་མི་གྲངས་འབུམ་༢་ལྷག་འདུས། མི་གྲངས་བརྒྱ་ཆ་༧༥་ཁ་ཆེའི་ཤི་ཡ་ཆོས་རྒྱུད་ཀྱི་རྗེས་འབྲང་བ་དང་མི་གྲངས་བརྒྱ་ཆ་༢༥་ཁ་ཆེའི་སུ་ཎི་ཆོས་རྒྱུད་ཀྱི་རྗེས་འབྲང་བ་དང་ཡེ་ཤུ། ཌ་རུ་ཛེ་མི་རིགས་བཅས་ཡིན་འདུག ཧི་ཛི་བྷུ་ལཱ་འཇབ་དམག་རྣམས་ཤི་ཡ་ཆོས་རྒྱུད་ཀྱི་རྗེས་འབྲང་བ་ཡིན་པས་ཨི་རན་གྱི་རྒྱབ་སྐྱོར་ཐོབ་པ་དང་ཤུགས་རྐྱེན་ཐེབས། ལེ་བྷ་ནན་གྱི་གཞུང་གིས་ཧི་ཛི་བྷུ་ལཱ་འཇམ་དམག་རྣམས་གླགས་མ་ཁེལ།།

ཧི་ཛི་བྷུ་ལཱ་འཇབ་དམག་གི་འགོ་ཁྲིད་ཧ་སན་ན་སེ་རེ་ལཱས་
ཧི་ཛི་བྷུ་ལཱ་འཇབ་དམག་གི་འགོ་ཁྲིད་ཧ་སན་ན་སེ་རེ་ལཱས་

ཧི་ཛི་བྷུ་ལཱ་འཇབ་དམག་གིས་ལི་ཏ་ཎི་གཙང་པོའི་ལྷོ་ཕྱོགས་ཀྱི་ཡུལ་མི་བརྒྱ་ཆ་༧༥་ཤི་ཡ་ཆོས་རྒྱུད་ཀྱི་ཁ་ཆེ་རེད། ང་ཚོར་རང་གི་སྐྱེས་ཡུལ་དུ་འཚོ་གནས་བྱེད་ཆོག་པའི་ཐོབ་ཐང་ཡོད། ཧི་ཛི་བྷུ་ལཱ་འཇབ་དམག་རྣམས་ལི་ཏ་ཎི་གཙང་པོའི་བྱང་ཕྱོགས་སུ་སྤོར་རྒྱུ་མིན་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་། ཕྱི་ཟླ་༩་པའི་ཚེས་༢༥་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཧི་ཛི་བྷུ་ལཱ་འཇབ་དམག་གི་འགོ་ཁྲིད་ཧ་སན་ན་སེ་རེ་ལཱས་(Hassan Nasrallah)་ཨི་སི་རལ་ལ་རྒོལ་ལན་དྲག་པོ་སློག་རྒྱུ་ཡིན། གྷ་ཛའི་དམག་འཁྲུག་མཚམས་འཇོག་མ་བྱས་བར་དུ་ཨི་སི་རལ་གྱི་མི་མང་རྣམས་བྱང་ཕྱོགས་ཀྱི་རང་ཁྱིམ་དུ་ཕྱིར་ལོག་བྱེད་དུ་འཇུག་རྒྱུ་མིན་ཞེས་ཁ་ཤོམ་འཐེན། འོན་ཀྱང་ཧི་ཛི་བྷུ་ལཱ་འཇབ་དམག་ལ་དཀྱིལ་ཤར་ས་ཁུལ་དུ་དམག་འཁྲུག་ཆེན་པོ་ཞིག་སློང་ཐུབ་པའི་སྟོབས་ཤུགས་མེད། ཨི་སི་རལ་གྱིས་ཧི་ཛི་བྷུ་ལཱ་འཇབ་དམག་ལ་འཕུར་མདེལ་༡༥༠༠༠༠་ཙམ་ལས་མེད་པའི་ཚོད་དཔག་བྱས་འདུག

ཨི་རན་གྱི་སྲིད་འཛིན་པེ་ཛེ་ཤི་ཀིན
ཨི་རན་གྱི་སྲིད་འཛིན་པེ་ཛེ་ཤི་ཀིན

ཧི་ཛི་བྷུ་ལཱ་འཇབ་དམག་ཤོག་ཁག་གི་རྒྱབ་སྐྱོར་བ་གཙོ་བོ་ནི་ཨི་རན་ཡིན་ཞིང་། ཨི་རན་གྱིས་ཐད་ཀར་ཨི་སི་རལ་ལ་དམག་འཁྲུག་བརྒྱབ་ན་ཧི་ཛི་བྷུ་ལཱ་དང་སི་རི་ཡའི་གཞུང་དམག ཡེ་མེན་གྱི་ཧུ་ཐི་གྱེན་ལོག་པ། ཨི་རཀ་གི་ཤི་ཡ་ཆོས་རྒྱུད་ཀྱི་ཡུལ་དམག་གིས་ཨི་རན་ལ་རྒྱབ་སྐྱོར་མ་བྱས་པར་སྡོད་ཐབས་བྲལ། དེས་ན་ཨ་རི་དང་དབྱིན་ཇི་སོགས་ཨི་སི་རལ་གྱི་རྒྱབ་རྩར་ལངས་ཏེ་དམག་འཁྲུག་ཆེན་པོ་ཞིག་ཏུ་འགྱུར་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། ཨི་རན་གྱི་སྲིད་འཛིན་པེ་ཛེ་ཤི་ཀིན་(Masoud Pezeshkian)་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་ང་ཚོར་དམག་འཁྲུག་རྒྱག་འདོད་མེད། ང་ཚོ་ཞི་བདེའི་ངང་དུ་འཚོ་གནས་བྱེད་འདོད་ཡོད། ང་ཚོ་མངའ་ཁུལ་དེའི་ཞི་བདེ་བརྟན་ལྷིང་མེད་པར་གཏོང་མཁན་དེར་འགྱུར་འདོད་མེད། དཀྱིལ་ཤར་ས་ཁུལ་དུ་དམག་འཁྲུག་ཆེན་པོ་ཞིག་ལངས་ན་འཛམ་གླིང་ཡོངས་ལ་ཞི་བདེ་མེད་པ་དང་སུ་གཅིག་ལའང་ཁེ་ཕན་མེད་པ་ང་ཚོས་ལེགས་པར་ཤེས་ཀྱི་ཡོད། ཨི་སི་རལ་གྱིས་འཁྲུག་རྩོད་ཆེན་པོ་ཞིག་སློང་གི་འདུག་ཅེས་སྐྱོན་བརྗོད་བྱས་འདུག

གླེང་སྟེགས།

XS
SM
MD
LG