ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

རྒྱ་གར་གྱི་གསང་ཉུལ་ཚོས་ཨ་རིའི་ས་ཐོག་ཏུ་མི་གསོད་རྩིས་བྱས་མེད་ཟེར།


ཁ་ལི་སི་ཐན་གྱི་ལས་འགུལ་བ་སིག་རྒྱ་བོ་གུར་པ་ཏ་ཝན་ཏ་སིང་པན་ནུན་
ཁ་ལི་སི་ཐན་གྱི་ལས་འགུལ་བ་སིག་རྒྱ་བོ་གུར་པ་ཏ་ཝན་ཏ་སིང་པན་ནུན་

༄༅།། རྒྱ་གར་གཞུང་གིས་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ནང་དུ་རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ནས་ཨ་རིའི་ས་ཐོག་ཏུ་ཁ་ལི་སི་ཐན་གྱི་ལས་འགུལ་བ་སིག་རྒྱ་བོ་གུར་པ་ཏ་ཝན་ཏ་སིང་པན་ནུན་གསོད་དགོས་པའི་བཀའ་བཏང་བ་རེད་ཅེས་གསར་འགྱུར་སྤེལ་བ་ནི་ཁུངས་ལུང་མེད་པ་ཞིག་རེད་ཅེས་དགག་པ་བརྒྱབ། ཕྱི་ཟླ་༤་པའི་ཚེས་༣༠་ཉིན་སི་ཊེ་ཊི་སི་མན་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་མིག་དམར་ཉིན་རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རན་དྷིར་ཇཱེ་ཡེ་ཝལ་གྱིས་ཨ་རིའི་གཞུང་ནས་སྒྲིག་འཛུགས་ལྡན་པའི་ཁྲིམས་འགལ་གྱི་ཚོགས་པ་ཁག་དང་འཇིགས་སྐུལ་རིང་ལུགས་པ། དེ་མིན་གྱི་ཚོགས་པ་ཁག་ལ་བློ་འཚབ་ཡོད་ཅེས་གནས་ཚུལ་མཁོ་སྤྲོད་བྱུང་བར་རྒྱ་གར་གཞུང་གིས་མཐོ་རིམ་ཚོགས་ཆུང་ཞིག་བཙུགས་ནས་ཞིབ་འཇུག་བྱེད་བཞིན་ཡོད། ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱིས་འགན་འཁྲི་མི་ལེན་པ་དང་ཚོད་དཔག་གི་དཔྱད་བརྗོད་སྤེལ་བར་དགེ་མཚན་མེད་ཅེས་གནས་ཚུལ་སྤེལ་འདུག

རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རན་དྷིར་ཇཱེ་ཡེ་ཝལ་
རྒྱ་གར་གྱི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་རན་དྷིར་ཇཱེ་ཡེ་ཝལ་

ན་ནིང་ཕྱི་ཟླ་༦་པའི་ནང་དུ་ཁེ་ན་ཌའི་ས་ཐོག་ཏུ་ཁ་ལི་སི་ཐན་གྱི་ལས་འགུལ་བ་སིག་རྒྱ་བོ་ཧར་དིབ་སིང་ནི་ཇར་(Hardeep Singh Nijjar)་ཞེས་པ་ཞིག་བསད། དེའི་རྗེས་སུ་ཨ་རིའི་ས་ཐོག་ཏུ་ཨ་མི་རི་ཀའི་སྤྱི་དམངས་ཁ་ལི་སི་ཐན་གྱི་ལས་འགུལ་བ་སིག་རྒྱ་བོ་པན་ནུན་ཞེས་པ་ཞིག་གསོད་ཐབས་བྱས་པ་རེད་ཅེས་གནས་ཚུལ་ཐོན། ཁ་སང་གཟའ་ཟླ་བའི་ཉིན་ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་ལ་སྔ་ལོ་རྒྱ་གར་གྱི་སྲིད་བློན་མོ་དྷི་ཨ་མི་རི་ཀར་རྒྱལ་དོན་འཚམས་འདྲིར་ལྷགས། སྲིད་འཛིན་བྷ་ཌན་གྱིས་སྲིད་བློན་མོ་དྷི་ཕོ་བྲང་དཀར་པོར་གདན་འདྲེན་གྱིས་སྣེ་ལེན་གཟབ་རྒྱས་ཞུས་ཀྱང་རྒྱ་གར་གྱི་ཞིབ་འཇུག་དང་ཉམས་ཞིབ་ཚན་པ་ཞེས་འབོད་པའི་ཕྱི་སོ་ལས་ཁུངས་ཀྱི་འགན་འཛིན་ས་མན་ཏ་གྷོ་ཡེལ་(Samant Goel)་གྱིས་ཝིཀ་རམ་ཡ་དྷབ་(Vikram Yadav)་ཟེར་བའི་གསང་ཉུལ་ཞིག་ལ་ནེའུ་ཡོཀ་གྲོང་ཁྱེར་དུ་གནས་འཁོད་སིག་རྒྱ་བོ་པན་ནུན་ཞེས་པ་དེ་གསོད་དགོས་པའི་བཀའ་ཕབ་པ་རེད། རྒྱ་གར་གཞུང་གིས་པན་ནུན་འཇིགས་སྐུལ་རིང་ལུགས་པ་ཞིག་ལ་ངོས་འཛིན་བྱས་འདུག་ཅེས་གནས་ཚུལ་སྤེལ།།

ཁེ་ན་ཌའི་ས་ཐོག་ཏུ་ཁ་ལི་སི་ཐན་གྱི་ལས་འགུལ་བ་སིག་རྒྱ་བོ་ཧར་དིབ་སིང་ནི་ཇར་བསད།
ཁེ་ན་ཌའི་ས་ཐོག་ཏུ་ཁ་ལི་སི་ཐན་གྱི་ལས་འགུལ་བ་སིག་རྒྱ་བོ་ཧར་དིབ་སིང་ནི་ཇར་བསད།

རྒྱ་གར་གྱིས་ཁེ་ན་ཌ་དང་ཨ་རིའི་ས་ཐོག་ཏུ་མི་བསད་པ་དང་གསོད་རྩིས་ཀྱི་ལྐོག་ཇུས་བཤམས་པ་དེས་རྒྱལ་ཁབ་གཞན་ལ་བཙན་བྱོལ་དུ་བྲོས་པའི་སྲིད་དོན་གྱི་ལྟ་བ་མི་མཐུན་པ་ཚོར་བཙན་གནོན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་ཡོད་པ་མཚོན་ཐུབ། རྒྱ་གར་གཞུང་གིས་རྒྱལ་ཁབ་གཞན་གྱི་བདག་དབང་ལ་བརྩི་མེད་དང་གསང་ཉུལ་བཏང་ནས་ཆབ་སྲིད་ཀྱི་དགྲ་བོ་ཚོར་དྲག་གནོན། རྒྱལ་སྤྱིའི་ཐོག་ཏུ་ས་མཚམས་བརྒལ་ནས་བཙན་གནོན་བྱ་རྒྱུ་མང་དུ་འགྲོ་བཞིན་པ་དང་རྒྱ་གར་གྱིས་འཛམ་གླིང་གི་ཆེས་གདུག་རྩུབ་ཆེ་བའི་སྲིད་གཞུང་ཁག་གིས་ལས་ལེན་བསྟར་སྲོལ་ཡོད་པའི་ཐབས་ཇུས་ལ་མིག་དཔེ་བལྟས། ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པ་ཚོས་རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱིས་པན་ནུན་གསོད་རྩིས་ཇི་ལྟར་བྱས་མིན་ཐད་ཝ་ཤིང་ཊོན་དང་ཨོ་ཊ་ཝ། ལོན་ཌོན་དང་ཕུ་རག བྷར་ལིན་བཅས་སུ་མཁས་པ་མང་པར་བཅར་འདྲི་ཞུས་ནས་གསར་འགྱུར་ཕྱོགས་བསྒྲིགས་བྱས་འདུག

ཝིཀ་རམ་ཡ་དྷབ་ཟེར་བ་དེས་ཨ་རིའི་སྤྱི་དམངས་སིག་རྒྱ་བོ་པན་ནུན་གྱིས་ཁ་ལི་སི་ཐན་རང་བཙན་རྒྱལ་ཁབ་འཛུགས་ཐབས་སུ་ལས་འགུལ་ཇི་ལྟར་སྤེལ་གྱི་ཡོད་མེད། ཁོ་པ་གནས་སྡོད་བྱ་ཡུལ་ནེའུ་ཡོཀ་གྲོང་ཁྱེར་གྱི་ཁ་བྱང་སོགས་ཞིབ་ཕྲ་བཀོད་ནས་རྒྱ་གར་གྱི་གསང་བའི་ལས་ཁུངས་ལ་སྤྲད། པན་ནུན་རང་ཁྱིམ་དུ་ཡོད་པ་རྩད་གཅོད་ཐུབ་མ་ཐག་ཏུ་གསོད་དགོས་ཞེས་ཐག་བཅད། ད་ལྟའི་བར་དུ་གསང་ཉུལ་དེའི་མིང་ལ་ཡ་དྷབ་ཟེར་བ་དང་ཁོ་པ་རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་ཡིན་པ་ཕྱི་རུ་མ་བསྒྲགས། ཨ་རིའི་དབུས་གསང་བའི་ལས་ཁུངས་དང་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་རང་གི་ས་ཐོག་ཏུ་རྒྱ་གར་གྱི་གསང་ཉུལ་ཚོས་མི་གསོད་རྩིས་བྱེད་ཀྱི་ཡོད་པའི་གནས་ཚུལ་ལ་ཞིབ་འཇུག་བྱས་ཤིང་། རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱི་མཐོ་རིམ་འགོ་ཁྲིད་ཚོ་དང་སྲིད་བློན་མོ་དྷིར་འབྲེལ་བ་ཡོད་པའི་ནང་འཁོར་ཞིག་གནད་དོན་དེར་འབྲེལ་བ་ཡོད་སྲིད་པའི་དོགས་པ་བྱུང་འདུག་ཅེས་བསྟན།།

ཨ་རིའི་གཞུང་དང་ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ས་མན་ཏ་གྷོ་ཡེལ་གྱིས་ཨ་རིའི་སྤྱི་དམངས་སིག་རྒྱ་བོ་པན་ནུན་གསོད་དགོས་པའི་བཀའ་ཕབ་པའི་གནས་ཚུལ་རྣམས་གསང་རྒྱ་བསྡམས། ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པ་ཚོས་གནས་ཚུལ་དེ་ཤེས་རྟོགས་བྱུང་བར་མ་ཟད། རྒྱ་གར་གྱི་གསང་བའི་ལས་ཁུངས་ཁག་གི་ལས་སྣེ་ཟུར་པ་ཚོར་བཅར་འདྲི་ཞུས། པན་ནུན་གསོད་རྩིས་བྱས་པ་དེར་རྒྱུས་མངའ་ཡོད་པའི་རྒྱ་གར་གྱི་གསང་བའི་མི་སྣ་ཟུར་པ་ཚོས་གྷོ་ཡེལ་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་འཁོད་སིག་རྒྱ་བོ་མཐའ་ལྷུང་རིང་ལུགས་པ་རྣམས་རྩ་མེད་གཏོང་དགོས་པའི་གནོན་ཤུགས་ཆེན་པོ་སྤྲད་པ་རེད་ཅེས་ལན་བཏབ། ཨ་རིའི་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་ཚོས་སྲིད་བློན་མོ་དྷིའི་རྒྱལ་སྲུང་སློབ་སྟོན་པ་ཨ་ཇཱི་ཏ་དྷོ་ཝལ་(Ajit Doval)་ལྐོག་ཇུས་དེར་འབྲེལ་བ་ཡོད་སྲིད་པའི་དོགས་པ་བྱེད་ཀྱི་འདུག་ཅེས་གནས་ཚུལ་ཐོན།།

ཨ་རིའི་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་ཚོས་སྲིད་བློན་མོ་དྷིའི་རྒྱལ་སྲུང་སློབ་སྟོན་པ་ཨ་ཇཱི་ཏ་དྷོ་ཝལ་
ཨ་རིའི་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་ཚོས་སྲིད་བློན་མོ་དྷིའི་རྒྱལ་སྲུང་སློབ་སྟོན་པ་ཨ་ཇཱི་ཏ་དྷོ་ཝལ་

ཝ་ཤིང་ཊོན་ཡིག་ཟམ་ཚགས་པར་གྱི་གསར་འགོད་པ་ཚོས་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་དྷོ་ཝེལ་དང་གསང་བའི་ལས་ཁུངས་ཀྱི་འགན་འཛིན་གྷོ་ཡེལ་གཉིས་ལ་ཁ་པར་བཏང་བ་དང་འཕྲིན་ཐུང་བཏང་ནས་སྐད་ཆ་དྲིས་ཀྱང་ལན་འདེབས་མ་བྱུང་། གསར་འགོད་པ་ཚོས་ཨ་རི་དང་རྒྱ་གར། ཁེ་ན་ཌ་དང་དབྱིན་ཇི། འཇར་མན་ཎི་དང་ཨོ་གླིང་། ཆེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་འབྲེལ་མི་སྣ་ལས་ཐོག་དང་ཟུར་པ་བཅས་ཁྱོན་བསྡོམས་མི་༤༠་ཡས་མས་ཤིག་ལ་སྐད་ཆ་དྲིས་ནས་གསར་འགྱུར་སྤེལ། ཁོ་ཚོས་རང་གི་བདེ་འཇགས་དང་གནད་དོན་དེ་ཚོར་སྐྱེན་རྣོ་བ་སོགས་ལ་གཞིགས་ནས་མིང་འདོན་དངོས་སུ་བྱ་རྒྱུར་མ་འཐད། རྒྱ་གར་གཞུང་གིས་བྱང་ཨ་རིའི་ས་གནས་ཁག་ཏུ་དྲག་སྤྱོད་ཚབས་ཆེན་སྤེལ་གྱི་ཡོད་པར་ནུབ་ཕྱོགས་རྒྱལ་ཁབ་ཁག་ཧང་སང་། འདས་པའི་ལོ་མང་རིང་རྒྱ་གར་གྱི་གསང་བའི་ལས་ཁུངས་ནི་ཨང་རིམ་གཉིས་པའི་གྲས་སུ་ཡོད་ཀྱང་གློ་བུར་དུ་འགྱུར་ལྡོག་ཐེབས། ལྡི་ལི་གསར་པས་གོ་ལའི་ཁྱོན་དུ་འགྲན་སྡུར་གསར་པ་ཞིག་ཚུགས་བཞིན་པ་དེའི་ཁྲོད་དུ་རྒྱ་གར་སྟོབས་འབྱོར་རྒྱས་བཞིན་པ་ཞིག་ཡིན་ཞེས་ཁེངས་དྲེགས་སྐྱེས། ཨ་མི་རི་ཀས་ཀྱང་རྒྱ་གར་སྣང་མེད་དུ་འཇོག་ཐབས་མེད་པ་ཞིག་ཏུ་གྱུར།།

གསར་འགོད་པས་རྒྱ་གར་གྱིས་ཅིའི་ཕྱིར་ཨ་རིའི་ས་ཐོག་ཏུ་མི་གསོད་ཐབས་ཀྱི་ཉེན་ཁར་གདོང་བསུ་བྱས་པ་རེད་ཅེས་དྲིས། ནུབ་ཕྱོགས་རྒྱལ་ཁབ་ཅིག་གི་བདེ་འཇགས་མི་སྣ་ཞིག་ནས་རྒྱ་གར་གྱིས་མཇུག་འབྲས་མྱོང་མི་དགོས་པའི་གདེང་ཚོད་ལོན་པས་རེད་ཅེས་ལན་གླན། ནུབ་ཕྱོགས་ཀྱི་གཞུང་འབྲེལ་མི་སྣ་ཚོས་ཨ་རིས་ལྐོག་གསོད་ཅིག་འགོག་ཐུབ་ཡོད་ཀྱང་རྒྱ་གར་གྱི་གསང་བའི་ལས་ཁུངས་ཀྱིས་ཨེ་ཤི་ཡ་དང་ཡུ་རོབ། བྱང་ཨ་རིའི་རྒྱ་གར་བའི་ཁ་འཐོར་སྤྱི་ཚོགས་ཁག་གི་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་ཚོར་བཙན་གནོན་བྱ་རྒྱུ་ཤུགས་ཆེ་རུ་གཏོང་གི་འདུག་ཅེས་གླེང་། ༢༠༢༣་ལོའི་ཕྱི་ཟླ་༦་པའི་ཚེས་༡༨་ཉིན་ཁེ་ན་ཌའི་ས་ཐོག་ཏུ་སིག་རྒྱ་བོ་ཧར་དིབ་སིང་ནི་ཇཱར་ཞེས་པ་ཞིག་བསད་པའང་རྒྱ་གར་གྱི་གསང་ཉུལ་ཡ་དྷབ་ལ་འབྲེལ་བ་འདུག་ཅེས་བཀྲལ། སྐབས་དེར་པ་ཀི་སི་ཐན་ལ་བཙན་བྱོལ་དུ་ཕྱིན་པའི་སིག་རྒྱ་བོའམ། ཡང་ན་ཀསྨིར་གྱི་ཁ་བྲལ་རིང་ལུགས་པ་༡༡་བསད། འདས་པའི་ལོ་གཉིས་ཀྱི་རིང་སྲིད་བློན་མོ་དྷིའི་གཞུང་གིས་སིག་རྒྱ་བོ་དང་ཀསྨིར་གྱི་ཁ་བྲལ་རིང་ལུགས་པ་ཚོར་འཇིགས་སྐུལ་རིང་ལུགས་པའི་ཉེས་མིང་བཏགས་ནས་གསོད་ཀྱི་འདུག་ཅེས་ཐེར་འདོན་བྱས་འདུག

ཨ་མི་རི་ཀ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ས་ཁམས་ཆབ་སྲིད་ལ་འགྱུར་བ་ཐེབས་པ་དང་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུའི་ཆེད་དུ་རྒྱ་གར་ལ་བཟོད་པོ་དང་འབྲེལ་བ་དམ་འཛིན། རྒྱ་གར་གཞུང་གིས་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་ཚོར་འཇིགས་སྐུལ་དང་དྲག་གནོན། རྒྱལ་ཁབ་གཞན་གྱི་བདག་དབང་ལ་བརྩི་མེད་དང་ས་མཚམས་བརྒལ་ནས་ལྐོག་གསོད་ཀྱི་ངན་ཇུས་བཤམས་ཀྱང་མཇུག་འབྲས་ཚབས་ཆེན་ཞིག་མ་མྱངས། རྒྱལ་མཚམས་བརྒལ་བའི་བཙན་གནོན་ལ་དྲག་སྤྱོད་དང་སུན་གཙེར། མྱུལ་ཞིབ་སོགས་རིགས་འགའ་ཞིག་ཡོད་ཅིང་། ༢༠༢༣་ལོར་རྒྱ་གར་འཛམ་གླིང་མི་འབོར་ཨང་དང་པོར་གྱུར་ཏེ་རྒྱ་ནག་གི་གོང་དུ་ཤོར། རྒྱལ་ཁབ་ཇི་སྙེད་ཅིག་གིས་ཕྱི་རྒྱལ་དུ་བྲོས་པའི་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་ཚོར་བཙན་གནོན་གྱི་ཐབས་ཇུས་ལག་ལེན་བསྟར་གྱི་ཡོད་པས་འཛམ་གླིང་ཡོངས་སུ་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་ཚོར་བྱོལ་ཡུལ་ཇེ་ཆུང་དང་ཇེ་ཉུང་དུ་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG