ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༡༢/༢༢

རྒྱ་གར་གྱིས་འབྲུག་ཡུལ་ནས་ཞོ་ཁོག་ནང་འདྲེན་བྱ་རྒྱུའི་བསམ་ཞིབ།


རྒྱ་གར་གྱིས་འབྲུག་ཡུལ་ནས་ཞོ་ཁོག་ནང་འདྲེན་བྱ་རྒྱུའི་བསམ་ཞིབ།
རྒྱ་གར་གྱིས་འབྲུག་ཡུལ་ནས་ཞོ་ཁོག་ནང་འདྲེན་བྱ་རྒྱུའི་བསམ་ཞིབ།

༄༅།། རྒྱ་གར་བའི་ཟས་རིགས་གྲས་སུ་ཞོ་ཁོག་ནི་མེད་དུ་མི་རུང་བའི་ཟ་ཆས་ཤིག་ཡིན་ཞིང་། ད་ལོ་རྒྱ་གར་ལ་ཞོ་ཁོག་གི་སྟོན་ཐོག་ཡག་པོ་མ་བྱུང་བ་དང་རྒྱལ་ནང་དུ་ཞོ་ཁོག་གི་རིན་གོང་འཕར། རྒྱ་གར་གྱི་ཟས་རིགས་ཁྲོམ་རའི་ནང་དུ་ཞོ་ཁོག་དཀོན་དུ་ཕྱིན་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༧་པའི་ཚེས་༢༦་ཉིན་དཔལ་འབྱོར་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གཞུང་གིས་འབྲུག་ཡུལ་ནས་ཞོ་ཁོག་ནང་འདྲེན་བྱེད་དུ་འཇུག་རྒྱུའི་བསམ་ཞིབ་བྱེད་ཀྱི་ཡོད་པ་སྟེ། སྲིད་བློན་མོ་དྷིའི་གཞུང་གི་མཐོ་རིམ་ལས་སྣེ་ཞིག་གིས་ང་ཚོས་འབྲུག་ཡུལ་ཚུད་པའི་ཕྱིའི་རྒྱལ་ཁབ་ཁག་ནས་ཞོ་ཁོག་ནང་འདྲེན་བྱེད་དུ་འཇུག་རྒྱུའི་གྲོས་སྡུར་བྱེད་ཀྱི་ཡོད། རྒྱ་གར་གྱི་ཚོང་པ་ཚོར་གང་མགྱོགས་ཞོ་ཁག་ཉུང་ཉུང་རེ་ཕྱི་རྒྱལ་ནས་ནང་འདྲེན་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བསྒྲགས།།

རྒྱ་གར་གྱི་ནུབ་བངྒ་ལ་དང་ཨུ་ཏར་པར་དེ་ཤི་སོགས་མངའ་སྡེ་ཁག་ཅིག་ལ་ཐན་པ་བྱུང་སྟེ་ཞོ་ཁོག་བཏབ་པ་རྣམས་བསྐམས། ཨུ་ཏར་པར་དེ་ཤི་མངའ་སྡེར་མི་འབོར་དུང་ཕྱུར་༢་དང་བྱེ་བ་༣་ལྷག་དང་ནུབ་བངྒ་ལ་མངའ་སྡེར་མི་འབོར་དུང་ཕྱུར་༡་ཡས་མས་ཤིག་ཡོད་པས་རྒྱ་གར་གྱི་མངའ་སྡེ་དེ་དག་ལ་ཞོ་ཁོག་འདང་ངེས་མེད་པར་གྱུར་ཚེ། རྒྱ་གར་བ་དུང་ཕྱུར་༣་དང་ཕྱེད་ཀ་ལྷག་ལ་ཞོ་ཁག་དཀོན་དུ་འགྲོ་རྒྱུ་ཡིན་འདུག ན་ནིང་དང་བསྡུར་ན་༢༠༢༤་ལོ་འདིར་རྒྱ་གར་དུ་ཡུལ་ཐང་དེ་ཙམ་འཕར་མེད་ཀྱང་ཟས་སོང་བརྒྱ་ཆ་༧.༥་འཕར། རྒྱ་གར་གྱི་ཁྲོམ་རའི་ནང་དུ་ཟས་སོང་འཕར་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ལྡུམ་སྒོང་དང་ཙོང་། ཞོ་ཁོག་གསུམ་གྱི་རིན་གོང་བརྒྱ་ཆ་༤༨.༤་འཕར་ཡོད་པ་དང་ཆར་ཞོད་ཀྱི་དུས་འདིར་ཟས་སོང་སྔར་ལས་འཕར་གྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་གར་གྱི་ཞིང་ལས་དང་ཞིང་པའི་བདེ་དོན་ལྷན་ཁང་གིས་ལོ་འདིར་ཞོ་ཁོག་ཊོན་ས་ཡ་༥༨.༩༩་ཐོན་སྐྱེད་ཐུབ་རྒྱུའི་ཚོད་དཔག་བྱས་པ་དང་སྔ་ལོ་རྒྱ་གར་ལ་ཞོ་ཁོག་ཊོན་ས་ཡ་༦༠.༡༤་ཐོན་སྐྱེད་ཐུབ་ཡོད་ཅིང་། ད་ལོའི་ཕྱི་ཟླ་༣་པ་ནས་རྒྱ་གར་རྒྱལ་ཡོངས་སུ་ཚ་གདུག་འཕྱུར་ཏེ་སྔོ་ཚོད་ཀྱི་རིན་གོང་ཆེས་ཆེར་འཕར། མང་ཚོགས་ཀྱིས་སྔོ་ཚོད་མ་ཁུགས་པར་འབྲས་དང་གྲོ་ཕྱེ། སྲན་རིགས་དང་ཞོ་ཁོག་ཟ་དགོས་པར་གྱུར། ༢༠༢༢-༢༠༢༣་བར་དུ་རྒྱ་གར་ལ་ཞོ་ཁོག་མ་འདང་བར་འབྲུག་ཡུལ་དང་བལ་ཡུལ། ལྷོ་ཨ་མི་རི་ཀའི་རྒྱལ་ཁབ་བྷར་ཛིལ་དང་ཨ་ཧྥི་རི་ཀའི་རྒྱལ་ཁབ་མོ་ཛམ་བྷིག་ནས་ཨ་སྒོར་ས་ཡ་༡་དང་ཁྲི་ཚོ་༢་ལྷག་གི་ཞོ་ཁོག་ནང་འདྲེན་བྱས་ཤིང་། ཉེ་དུས་ཤིག་ནས་རྒྱ་གར་གཞུང་གིས་ཞིང་པ་ཚོར་ཞོ་ཁོག་གི་སྟོན་ཐོག་ལ་འབུ་རྒྱག་ཏུ་མ་བཅུག་པར་སྲུང་སྐྱོབ་བྱ་དགོས་ཞེས་འབོད་སྐུལ་ཞུས།།

ཕྱི་ཟླ་༧་པའི་ཚེས་༢༡་ཉིན་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གྲོང་དུ་ལྡུམ་སྒོང་སྤྱི་རྒྱ་གང་ལ་ཧིན་སྒོར་༡༠༠་ལྷག་སྤྲོད་དགོས་པར་མ་ཟད། ཨི་མད་ཁན་ཞེས་པའི་སྔོ་ཚོད་ཚོང་པ་ཞིག་གིས་སྔོ་ཚོད་སོས་པ་ཉོ་མི་ཐུབ་པའི་མི་ཚོས་ཙོང་ཞིག་གཙབས་ཏེ་ཚྭ་བཏབ། དེ་སྔོ་ཚོད་ཀྱི་ཚབ་ཏུ་བག་ལེབ་མཉམ་དུ་ཟ་ཡི་འདུག ད་ལྟ་དབུལ་ཕོངས་ཚོས་ཙོང་ཡང་ཉོ་མི་ཐུབ་པས་ཙོང་ཞིག་གཙབས་ནས་ཚྭ་བཏབ་སྟེ་ཟ་རྒྱུ་ཡོད་ན་དགའ་དགོས་པའི་ཚད་དེར་བསླེབས་འདུག་ཅེས་གསར་འགོད་པར་སྡུག་སྐད་བརྒྱབ། ༢༠༢༣་ནས་ལོ་འདིའི་ཕྱི་ཟླ་༦་པའི་བར་དུ་རྒྱ་གར་གཞུང་གིས་ཚོང་པ་ཚོས་འཁྲོལ་ཆ་ཞུ་མི་དགོས་པར་འབྲུག་ཡུལ་ནས་ཞོ་ཁོག་ནང་འདྲེན་བྱེད་ཆོག་པའི་བཀའ་འཁྲོལ་སྤྲད། རྒྱ་ནག་དང་རྒྱ་གར། ཡུཀ་རེན་དང་ཨ་རི་རྣམས་འཛམ་གླིང་གི་ཞོ་ཁོག་ཐོན་སྐྱེད་མང་ཤོས་ཡོད་པའི་རྒྱལ་ཁབ་ཁག་ཡིན་པའི་གནས་ཚུལ་ཐོན་འདུག

དེང་སྐབས་རྒྱ་གར་གྱི་དཔལ་འབྱོར་ལོ་རེ་བཞིན་འཕེལ་རྒྱས་འགྲོ་བ་དང་༢༠༢༧་ཡས་མས་སུ་རྒྱ་གར་འཛམ་གླིང་གི་དཔལ་འབྱོར་སྟོབས་ཆེན་ཨང་གསུམ་པར་འགྱུར་རྒྱུའི་ཚོད་དཔག་བྱེད་ཀྱི་ཡོད་མོད། འོན་ཀྱང་རྒྱ་གར་གྱི་སྤྱི་ཚོགས་སུ་དབུལ་ཕོངས་ས་ཡ་མང་པོ་ཡོད་པ་རྣམས་མྱུར་དུ་དཀའ་སྡུག་འོག་ནས་ཐར་ཐུབ་རྒྱུ་ཤིན་ཏུ་དཀའ། ཉེ་ཆར་ཕྱི་ཟླ་༣་པའི་ཚེས་༢༡་ཉིན་ཉི་ཧོང་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༡༩༩༠་ལོར་འཛམ་གླིང་དངུལ་ཁང་གིས་མི་ཞིག་ལ་ཉི་མ་རེར་ཨ་སྒོར་༡་འགྲོ་གྲོན་གཏོང་རྒྱུ་མེད་ན་དབུལ་ཕོངས་སུ་བརྩི་དགོས་ཞེས་ཚད་གཞི་འཛིན་ས་ཞིག་གཏན་དུ་ཕབ། ༢༠༡༡་ལོར་ཡུལ་ཐང་འཕར་བ་དེ་ལ་གཞིགས་ནས་འཛམ་གླིང་དངུལ་ཁུང་གི་ཚད་གཞི་དེ་ཨ་སྒོར་༡.༩༠་ལ་སྤར། རྒྱ་གར་བའི་གྲས་སུ་ཉི་མ་རེར་ཨ་སྒོར་༡.༩༠་འགྲོ་གྲོན་གཏོང་རྒྱུ་མེད་མཁན་ཧ་ཅང་པོ་རེད་ཅེས་བསྟན།།

༢༠༡༣་ལོར་རྒྱ་གར་གྱི་དབུས་དངུལ་ཁང་གི་འགན་འཛིན་ཟུར་པ་ཅཀྲ་ཝ་ཐི་རན་གྷར་ར་ཇན་(Chakravarthi Rangarajan)་གྱིས་འགོ་ཁྲིད་པའི་ཚོགས་ཆུང་ཞིག་གིས་ཞིབ་འཇུག་བྱས་ནས་སྙན་ཐོ་བཏོན་པ་ལྟར་ན། རྒྱ་གར་བའི་དབུལ་ཕོངས་ཀྱི་ཚད་གཞི་དེ་མི་ཞིག་ལ་ཉི་མ་རེར་ཧིན་སྒོར་༣༣་འགྲོ་གྲོན་གཏོང་རྒྱུ་ཡོད་མེད་ལ་བལྟ་དགོས། རྒྱ་གར་གྱི་གྲོང་ཁྱེར་ཁག་གི་ཡུལ་མི་ཚོར་ཉུང་མཐར་ཡང་ཉི་མ་རེར་ཧིན་སྒོར་༤༧་འཚོ་བའི་འགྲོ་གྲོན་དགོས་ཀྱི་འདུག་ཅེས་བཀྲལ། དེ་ནི་འཛམ་གླིང་དངུལ་ཁང་གིས་གཏན་འབེབས་བྱས་པའི་ཚད་གཞི་དང་ཁྱད་པར་ཆེན་པོ་མེད། འཛམ་གླིང་དངུལ་ཁང་དང་རྒྱ་གར་གཞུང་གིས་བཏོན་པའི་སྙན་ཐོ་གཉིས་ཀ་ལོ་བཅུ་ཕྲག་ཅིག་གི་སྔོན་དུ་ཐོན་པའི་ཡིག་ཆ་ཡིན་རུང་རྒྱ་གར་ལ་དབུལ་ཕོངས་མང་བའི་གནས་སྟངས་དེར་འགྱུར་བ་མ་ཐེབས།།

རྒྱ་གར་གྱི་གྲོང་ཁྱེར་ཁག་ཏུ་མི་མང་བརྒྱ་ཆ་༣༠་ནས་༤༠་ཙམ་དབུལ་ཕོངས་ཡིན་པ་དང་ཕ་མ་མང་པོས་རང་གི་བུ་ཕྲུག་སློབ་གྲྭར་གཏོང་བའམ། ཡང་ན་ཉིན་རེའི་འཚོ་བར་འགྲོ་གྲོན་གཏོང་རྒྱུ་གཉིས་ཀྱི་གཅིག་གདམ་དགོས་པའི་དཀའ་ངལ་རྒྱུན་ཆད་མེད་པར་འཕྲད། ༢༠༡༦་ལོར་རྒྱ་གར་གྱི་དངུལ་ལོར་གསར་རྙིང་བརྗེས་པ་དང་༢༠༡༧་ལོར་དཔྱ་ཁྲལ་གྱི་ཁྲིམས་ལ་འགྱུར་བཅོས། དེ་བཞིན་༢༠༡༩་ཡི་ལོ་མཇུག་ནས་རྒྱ་ནག་གི་ཝུ་ཧན་གྲོང་ཁྱེར་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་ནད་དུག་ཁྱབ་སྟེ་རྒྱ་གར་གྱི་དབུལ་ཕོངས་ཚོའི་དཀའ་ངལ་སྡུག་ཏུ་སོང་། རྒྱ་གར་བ་ས་ཡ་༧༠་ལྷག་ལ་གྲོང་ཁྱེར་ཁག་ཏུ་ལས་ཀ་མ་རག་པར་ས་ཞིང་འདེབས་ལས་བྱེད་ཀྱི་ཡོད་པ་ནི་༢༠༡༨་ལོའི་ཞིང་པ་ལས་ཀྱང་མང་ཞིང་། རྒྱ་གར་གྱི་མི་མང་དབུལ་ཕྱུག་གི་ཁྱད་པར་ཡང་ལོ་རེ་བཞིན་ཇེ་ཆེར་འགྲོ་བཞིན་པའི་གནས་ཚུལ་ཐོན་འདུག

ཉི་ཧོང་དུས་བབ་ཚགས་པར་ལ་རྒྱ་གར་གྱི་དབུལ་ཕྱུག་ཁྱད་པར་གྱི་དཔེ་མཚོན་དེར་མུ་ཀེ་ཤ་ཨམ་བྷ་ཎིའི་(Mukesh Ambani)་བུ་གཉེན་སྒྲིག་མ་བྱས་པའི་སྔོན་འགྲོའི་རྟེན་འབྲེལ་གཅིག་པུར་ཨ་སྒོར་དུང་ཕྱུར་༡་དང་བྱེ་བ་༢་འགྲོ་གྲོན་བཏང་འདུག བུ་དེའི་མཁྲིག་མའི་ཆུ་ཚོད་ལ་ཨ་སྒོར་ས་ཡ་༡་ལྷག་གི་རིན་ཐང་འདུག རྒྱ་གར་གྱི་གཞས་པ་གྲགས་ཅན་ཞིག་ལ་གཉེན་སྟོན་སྐབས་སུ་འཁྲབ་སྟོན་བྱེད་དུ་བཅུག་སྟེ་ཨ་སྒོར་ས་ཡ་༦་སྤྲད། མུ་ཀེ་ཤ་ཨམ་བྷ་ཎིའི་བུའི་གཉེན་སྟོན་ལ་འཛམ་གླིང་ཡུལ་གྲུ་གང་སའི་སྐུ་མགྲོན་རྣམས་གདན་འདྲེན་ཞུས་ཏེ་རྒྱ་གར་གྱི་མཁའ་ལམ་ལས་ཁུངས་ཀྱིས་གནམ་ཐང་ཁག་ཅིག་གནས་སྐབས་རིང་གཉེན་སྟོན་ལ་ཕེབས་པའི་སྐུ་མགྲོན་ཚོ་འགྲོ་འོང་བྱ་ཡུལ་དུ་བསྒྱུར། རྒྱ་གར་གཞུང་གིས་ཡུལ་ཐང་ཅི་ཙམ་འཕར་གྱི་ཡོད་མེད་དང་ཡོང་འབབ་མང་ཉུང་གི་གཞི་གྲངས་གསལ་པོ་ཞིག་ཕྱི་རུ་མི་སྒྲོགས། ཡིན་ནའང་རྒྱ་གར་རྒྱལ་ཡོངས་སུ་ཉི་མ་རེར་བཟའ་བཏུང་ཐེངས་གཅིག་ལས་རག་གི་མེད་པའི་མི་མང་ས་ཡ་མང་པོ་ཡོད་པའི་གནས་ཚུལ་སྤེལ་འདུག

གླེང་སྟེགས།

XS
SM
MD
LG