ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༤/༡༢/༢༣

ལ་དྭགས་ཀྱི་གྲོས་ཚོགས་འཐུས་མིའི་གདན་ཐོབ་དེ་ཧ་ཎི་ཧྥ་ཇཱན་ལ་ཐོབ།


ལ་དྭགས་ཀྱི་གྲོས་ཚོགས་འཐུས་མིའི་གདན་ཐོབ་དེ་ཧ་ཎི་ཧྥ་ཇཱན་ལ་ཐོབ། ( Image eci.gov.in)
ལ་དྭགས་ཀྱི་གྲོས་ཚོགས་འཐུས་མིའི་གདན་ཐོབ་དེ་ཧ་ཎི་ཧྥ་ཇཱན་ལ་ཐོབ། ( Image eci.gov.in)

༄༅།། ཉེ་ཆར་ཕྱི་ཟླ་༥་པའི་ཟླ་སྨད་དུ་ལ་དྭགས་ལ་རྒྱ་གར་གྱི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ནང་དུ་འཐུས་མི་གཅིག་གི་གདན་ཐོབ་ཡོད་པ་དེར་མི་དམངས་ཀྱིས་འོས་ཤོག་འཕངས། ཕྱི་ཟླ་༦་པའི་ཚེས་༥་ཉིན་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། གཟའ་མིག་ཉིན་རྒྱ་གར་གྱི་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་པའི་སྐབས་སུ་ལ་དྭགས་ལ་གྲོས་ཚོགས་འཐུས་མི་གཅིག་གི་གདན་ཐོབ་ཡོད་པ་དེ་གཞུང་འཛིན་བྷེ་ཇེ་པི་ཚོགས་པའི་འོས་མི་བཀྲ་ཤིས་རྒྱལ་མཚན་དང་ཕྱོགས་འགལ་ཀོང་རེ་སི་ཚོགས་པའི་འོས་མི་འཇམ་དབྱངས་ཚེ་རིང་རྒྱལ་གཉིས་ཀྱི་སུ་ལའང་མ་ཐོབ། དེ་ལས་ལྡོག་སྟེ་སྲིད་དོན་ཚོགས་པ་གང་གི་ཁོངས་སུའང་མེད་པའི་རང་བཙན་གྱི་འོས་མི་མཁར་དཀྱིལ་བ་མྷོ་མེ་ད་ཧ་ཎི་ཧྥ་ཇཱན་(Mohammad Hanifa Jan)་ལ་ཐོབ་ཡོད་པའི་གནས་ཚུལ་ཐོན་འདུག

༢༠༡༤་ལོར་རྒྱ་གར་གྱི་སྤྱི་ཡོངས་འོས་བསྡུ་ཆེན་མོའི་སྐབས་སུ་ལ་དྭགས་ཀྱི་གདན་ཐོབ་དེ་བྷི་ཇེ་པི་ཚོགས་པའི་འོས་མི་ཐུབ་བསྟན་ཚེ་དབང་ལ་ཐོབ། ༢༠༡༩་ལོའི་འོས་བསྡུའི་སྐབས་སུ་ལ་དྭགས་ཀྱི་གདན་ཐོབ་དེ་སླར་ཡང་བྷི་ཇེ་པི་གཞུང་འཛིན་ཚོགས་པའི་འོས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལ་ཐོབ་མོད། འོན་ཀྱང་༢༠༢༤་ལོའི་འོས་བསྡུའི་སྐབས་སུ་བྷི་ཇེ་པི་གཞུང་འཛིན་ཚོགས་པས་བཀྲ་ཤིས་རྒྱལ་མཚན་གྲོས་ཚོགས་འཐུས་མིའི་འོས་མིར་བདམས། གྲོས་ཚོགས་འཐུས་མི་ལས་ཐོག་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ཀོང་རེ་སི་ཚོགས་པའི་འོས་མིར་ལངས་ནས་ལ་དྭགས་ཀྱི་ནང་པ་ཚོའི་འོས་ཤོག་རྣམས་ཁ་འཐོར། མཁར་དཀྱིལ་གྱི་ཁ་ཆེ་ཚོའི་འོས་ཤོག་རྣམས་འོས་མི་གཅིག་གི་སྟེང་དུ་སྤུངས་ནས་ཤི་ཡ་ཆོས་རྒྱུད་ཀྱི་རྗེས་འཇུག་པ་ཧ་ཎི་ཧྥ་ཇཱན་ལ་འོས་ཤོག་མང་བ་ཐོབ་སྟེ་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ལ་དྭགས་ཀྱི་འཐུས་མིར་འདེམས་ཐོན་བྱུང་འདུག

ལ་དྭགས་ཀྱི་འོས་བསྡུ་ལྷན་ཁང་གི་འགན་འཛིན་སན་ཏོ་ཤ་སུ་ཁ་དེ་བས་(Santosh Sukhadeve)་རྒྱལ་ཡོངས་གྲོས་ཚོགས་འོག་མའི་ལ་དྭགས་ཀྱི་འཐུས་མིའི་འོས་ཤོག་མང་ཆེ་བ་ཧ་ཎི་ཧྥ་ཇཱན་ལ་ཐོབ་འདུག ཁོང་གིས་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ནང་དུ་ལ་དྭགས་ལ་འཐུས་མི་གཅིག་གི་གདན་ཐོབ་ཡོད་པ་དེ་བཟུང་ནས་ལས་འགན་བཞེས་དགོས་ཞེས་དཔང་ཡིག་སྤྲད། མཁར་དཀྱིལ་གྱི་རྫོང་དཔོན་ཟུར་པ་ཧ་ཎི་ཧྥ་ཇཱན་ལ་འོས་གྲངས་༦༥༢༥༩་སྟེ། འོས་ཤོག་བརྒྱ་ཆ་༤༨.༡༥་ཐོབ། ཀོང་རེ་སི་ཚོགས་པའི་འོས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལ་འོས་གྲངས་༣༧༣༩༧་སྟེ། འོས་ཤོག་བརྒྱ་ཆ་༢༧.༥༩་ཐོབ། བྷི་ཇེ་པི་གཞུང་འཛིན་ཚོགས་པའི་འོས་མི་བཀྲ་ཤིས་རྒྱལ་མཚན་ལ་འོས་གྲངས་༣༡༩༥༦་སྟེ། འོས་ཤོག་བརྒྱ་ཆ་༢༣.༥༨་ཐོབ་ཡོད་པའི་གནས་ཚུལ་ཐོན་འདུག

འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ཀོང་རེ་སི་ཚོགས་པའི་འོས་མི། བཀྲ་ཤིས་རྒྱལ་མཚན་བྷི་ཇེ་པི་ཚོགས་པའི་འོས་མི།
འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ཀོང་རེ་སི་ཚོགས་པའི་འོས་མི། བཀྲ་ཤིས་རྒྱལ་མཚན་བྷི་ཇེ་པི་ཚོགས་པའི་འོས་མི།

རྒྱ་གར་གྱི་ཁུན་ཊི་དྲྭ་ལམ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱལ་ཡོངས་གྲོས་ཚོགས་འོག་མར་ཁྱོན་བསྡོམས་འཐུས་མི་༥༤༣་ཀྱི་གདན་གྲངས་ཡོད་པ་དེར་མངའ་སྡེ་༢༨་དང་དབུས་ཐད་སྐྱོང་མངའ་ཁུལ་༩་བཅས་ས་གནས་ཁག་༣༧་གྱི་ནང་དུ་འོས་ཤོག་འཕེན་ཆོག་པའི་ལོ་ཚད་ལོན་པའི་མི་གྲངས་དུང་ཕྱུར་༩་ལྷག་ཡོད་པ་དེའི་ཁོངས་ནས་མི་གྲངས་དུང་ཕྱུར་༦་ལྷག་གིས་འོས་ཤོག་འཕངས་ནས་འཐུས་མི་རྣམས་བདམས། རྒྱ་གར་གྱི་འོས་བསྡུ་དེ་ལོ་འདིའི་ཕྱི་ཟླ་༤་པའི་ཚེས་༡༩་ནས་འགོ་བཙུགས་ཏེ་ཕྱི་ཟླ་༦་པའི་ཚེས་༡་ཉིན་མཇུག་བསྡུས། ལ་དྭགས་ལ་གྲོས་ཚོགས་འཐུས་མི་གཅིག་གི་གདན་ཐོབ་ཡོད་པ་དེར་བཀྲ་ཤིས་རྒྱལ་མཚན་དང་འཇམ་དབྱངས་ཚེ་རིང་རྣམ་རྒྱལ། མྷོ་མེ་ད་ཧ་ཎི་ཧྥ་ཇཱན་གསུམ་འགྲན་ཞུགས་བྱས་ནས་ཧ་ཎི་ཧྥ་ཇཱན་ལ་ཐ་མའི་རྒྱལ་ཁ་ཐོབ་ཅིང་། བྷི་ཇེ་པི་གཞུང་འཛིན་ཚོགས་པར་འོས་བསྡུའི་ཕམ་ཉེས་བྱུང་བའི་གནས་ཚུལ་ཐོན་འདུག

༢༠༢༤་ལོའི་གྲོས་ཚོགས་འཐུས་མིའི་འོས་བསྡུ་ནི་ལ་དྭགས་ལ་མཚོན་ན་ཕྱོགས་འགའ་ཞིག་ནས་ཧ་ཅང་གི་གནད་འགག་ཆེན་པོ་ཡིན་ཞིང་། ཅིའི་ཕྱིར་ཞེ་ན་ལ་དྭགས་ཀྱི་ས་བབ་ཆགས་ཡུལ་དེ་ཉིད་པ་ཀི་སི་ཐན་དང་རྒྱ་ནག་གི་དབང་བསྒྱུར་འོག་ཏུ་ཚུད་པའི་བོད་ལ་ས་འདྲེས་ཡིན་པར་མ་ཟད། ལ་དྭགས་པ་ཚོས་མངའ་སྡེའི་ཐོབ་ཐང་དགོས་ཞེས་ལོ་དང་ཟླ་བ་བསྟུད་ནས་ངོ་རྒོལ་ལས་འགུལ་སྤེལ། སྲིད་བློན་མོ་དྷིའི་གཞུང་གིས་རྩ་ཁྲིམས་དོན་ཚན་༦་པའི་དགོངས་དོན་ལྟར་ལ་དྭགས་པ་ཚོར་མངའ་སྡེ་ཐོབ་ཐང་སྤྲོད་ཆོག་ཅེས་ཁས་ལེན་བྱས་པ་དོན་འཁྱོལ་མ་བྱུང་། བྷི་ཇེ་པི་གཞུང་འཛིན་ཚོགས་པའི་གྲོས་ཚོགས་འཐུས་མིའི་འོས་མི་བརྗེ་པོ་བརྒྱབ་པ་སོགས་ཀྱིས་ལ་དྭགས་ཁག་ཅིག་དགའ་མོས་མ་བྱུང་བར་ནང་ཁུལ་དུ་འགལ་ཟླ་ལངས་ནས་ཤོག་ཁག་གཉིས་སུ་ཆད། ༢༠༡༩་ལོར་སྲིད་བློན་མོ་དྷིའི་གཞུང་གིས་རྩ་ཁྲིམས་དོན་ཚན་༣༧༠་ཐམ་པར་མེད་པར་བཏང་ནས་ཇམ་མུ་ཀསྨིར་དང་ལ་དྭགས་ཟུང་དབུས་ཐད་སྐྱོང་མངའ་ཁུལ་གཉིས་སུ་བསྒྱུར།།

ལ་དྭགས་ལ་གྲོས་ཚོགས་འཐུས་མི་གཅིག་གི་གདན་ཐོབ་ལས་མེད་པ་དེར་སུ་ཞིག་བསླེབས་ཀྱང་ལ་དྭགས་ལ་མངའ་སྡེའི་ཐོབ་ཐང་དགོས། རྩ་ཁྲིམས་དོན་ཚན་༦་པའི་ནང་དུ་འཁོད་པའི་ཐོབ་ཐང་རྣམས་སྤྲོད་དགོས་ཞེས་འཐབ་རྩོད་བྱ་རྒྱུ་མཚམས་འཇོག་བྱེད་མི་སྲིད་པར་སྣང་། ཉེ་ཆར་ལ་དྭགས་ཀྱི་ཁོར་ཡུག་སྲུང་སྐྱོབ་པ་དང་ཚན་རིག་པ་བསོད་ནམས་དབང་ཕྱུག་གིས་ཉིན་༢༡་ལ་ཟས་བཅད་ངོ་རྒོལ་བྱས་ནས་མངའ་སྡེའི་ཐོབ་ཐང་དགོས། ལ་དྭགས་ལ་རྩ་ཁྲིམས་དོན་ཚན་༦་པའི་དགོངས་དོན་ལྟར་མངའ་སྡེའི་གྲོས་ཚོགས་འཛུགས་ཆོག་པ་དང་རང་ས་སྲུང་སྐྱོབ་ཀྱི་ཁྲིམས་བཟོ་ཆོག་པའི་ཐོབ་ཐང་མེད་ཚེ། ལ་དྭགས་ཀྱི་ས་ཆ་དང་རིག་གཞུང་། སྐད་ཡིག་དང་མི་རིགས་ཀྱི་ངོ་བོ། ལས་ཀའི་གོ་སྐབས་དང་སློབ་སྦྱོང་གི་ས་མིག་རྣམས་སྲུང་སྐྱོབ་བྱེད་ཐུབ་རྒྱུ་ཤིན་ཏུ་དཀའ། དབུས་ཐད་སྐྱོང་མངའ་ཁུལ་གྱི་གནས་བབ་འོག་ཏུ་རྒྱ་གར་གྱི་མངའ་སྡེ་ཁག་ནས་མི་ཁྲི་ཚོ་མང་པོ་ལ་དྭགས་སུ་ལྷགས། རྒྱ་གར་གྱི་འབྱོར་ལྡན་པ་ཚོས་བཟོ་གྲྭ་བཙུགས་ནས་གཏེར་ཁ་བསྔོགས། ལ་དྭགས་ཀྱི་ཁོར་ཡུག་ལ་གཏོར་བཤིག་ཚབས་ཆེན་འཕོག་གི་འདུག་ཅེས་ངོ་རྒོལ་བྱས་པའི་གནས་ཚུལ་ཐོན་འདུག

༡༩༦༧་ནས་༡༩༧༡་བར་དུ་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་དང་པོ་དེ་བ་ཀུ་ལ་རིན་པོ་ཆེ་ཡིན་
༡༩༦༧་ནས་༡༩༧༡་བར་དུ་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་དང་པོ་དེ་བ་ཀུ་ལ་རིན་པོ་ཆེ་ཡིན་

རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ལ་དྭགས་ལ་ཁྱོན་བསྡོམས་སྤྱི་ལེ་གྲུ་བཞི་མ་༡༧༣༢༦༦་ཡོད་པ་དེའི་ནང་དུ་མི་མང་འོས་ཤོག་འཕེན་མཁན་༡༨༢༠༠༠་འདུས། ཕྱི་ཟླ་༥་པའི་ཚེས་༢༠་ཉིན་དབུས་ཐད་སྐྱོང་མངའ་ཁུལ་དེར་འོས་བསྡུ་བྱས་ནས་མི་མང་འོས་ཤོག་འཕེན་མཁན་བརྒྱ་ཆ་༧༡.༨༢་བྱུང་ཞིང་། ལ་དྭགས་ལ་གྲོས་ཚོགས་འཐུས་མི་གཅིག་གི་གདན་ཐོབ་ཡོད་པ་དེར་འགྲན་རྩོད་བྱེད་མཁན་གཙོ་བོ་དེ་བྷི་ཇེ་པི་གཞུང་འཛིན་ཚོགས་པ་དང་ཀོང་རེ་སི་ཕྱོགས་འགལ་ཚོགས་པ་གཉིས་རེད། ༡༩༦༧་ནས་༢༠༡༤་བར་དུ་ལ་དྭགས་ལ་གྲོས་ཚོགས་འཐུས་གཅིག་གི་གདན་ཐོབ་ཡོད་པ་དེ་ཐེངས་དྲུག་ཀོང་རེ་སི་ཚོགས་པའམ། ཡང་དེའི་ཕྱོགས་གཏོགས་ཚོགས་པ་ཁག་ལ་ཐོབ། ༡༩༦༧་ནས་༡༩༧༡་བར་དུ་ལ་དྭགས་ཀྱི་གྲོས་ཚོགས་འཐུས་མི་དང་པོ་དེ་བ་ཀུ་ལ་རིན་པོ་ཆེ་ཡིན་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG