ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༡༡/༢༨

རྒྱ་ནག་དང་ཨུ་རུ་སུ་གཉིས་གྲང་དམག་གི་འདམ་རྙོག་ཏུ་ཚུད་བཞིན་པ།


རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་ནང་གནས་བཞུགས་ཆབ་སྲིད་དཔྱད་བརྗོད་པ། སྨྱུག་མིང་ལ་ཅང་ཧྥེང་ཞེས་འབོད་པ་ཞིག་གིས་འདི་གའི་ཨ་རིའི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ། ཉེ་ཆར་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་མཉམ་འབྲེལ་གསལ་བསྒྲགས་སྤེལ་སྐོར་དབྱེ་ཞིབ་རྩོམ་ཡིག་ཅིག་བསྐུར་ཡོད་པ་དེ་བོད་ཡིག་ཏུ་ཕབ་བསྒྱུར་ཞུས་ཡོད་པ་གཤམ་གསལ།

ད་ལོར་རྒྱ་ནག་གི་ཚོགས་ཆེན་གཉིས་ཞེས་པ་སྐོང་འཚོགས་གྲུབ་པའི་རྗེས་སུ། ཞིས་ཅིན་ཕིང་གིས་ལོ་ངོ་གསུམ་རིང་ནད་ཡམས་དམ་དྲག་གི་སྲིད་ཇུས་ཟིན་རྗེས། གཞི་ནས་འཛམ་གླིང་ལ་ལྟ་བའི་མིག་ཟུང་ཕྱེས་ཐུབ་ཙམ་བྱུང་སྟེ། རྒྱལ་སྤྱིའི་ཐོག་གྲོགས་མེད་ཁེར་རྐྱང་གི་གནས་སྟངས་ལ་འགྱུར་ལྡོག་ཡོང་རྒྱུའི་རེ་ལྟོས་ཆེན་པོ་བཅངས་ཐོག། ཕྱི་ནང་གི་ཁོར་ཡུག་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་ཡོ་འཁྱོམས་ཆེ་ཞིང་། སྒེར་གཅོད་པས་སྲིད་དབང་ཚེ་གཅིག་རིང་ལ་སྒེར་འཛིན་གྱིས་ཕན་ཚུན་ཁ་མཐུན་ཆགས་བཞིན་པའི་གནས་སྟངས་དེ་ལྟ་བུ་ཞིག་གི་འོག་ལ། ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་ལ་རྒྱལ་དོན་ཕྱོགས་བསྐྱོད་ཀྱིས་སྲིད་འཛིན་ཕུ་ཊིན་ལ་ཐུག་འཕྲད་བྱས་ཡོད་པ་རེད།

ཞི་ཅིན་ཕིང་དང་ཕུ་ཊིང་གིས་གཟའ་མིག་དམར་ཉིན་མིང་རྟགས་བཀོད་པའི་མཉམ་འབྲེལ་གསལ་བསྒྲགས་ཡིག་ཆ་ལས། ཁ་ཐུག་ཨ་རིའི་མཚན་ཐེངས་མང་བཏོན་ཏེ། རྒྱ་ནག་དང་ཨུ་རུ་སུ་གཉིས་ནས་མཉམ་འབྲེལ་ཐོག་ནུབ་ཕྱོགས་ཀྱི་དམངས་གཙོའི་ལམ་ལུགས་དང་། ནུབ་ཕྱོགས་པ་ཚོས་རྒྱལ་ཁབ་གཞན་གྱི་སྲིད་དོན་ལ་ཐེ་ཇུས་བྱེད་པར་ངོ་རྒོལ་བྱ་རྒྱུ་ཡིན་པ་གསལ་སྟོན་བྱས་ཡོད་པར་མ་ཟད། ཨ་རིས་འཛམ་བུ་གླིང་ས་ཕྱོགས་གང་སར་དྲག་ཆས་མཁོ་སྤྲོད་དང་ཐབས་ཇུས་བཀོད་འདོམས་བྱེད་བཞིན་འདུག་ཅེས་སྐྱོན་བརྗོད་བྱས་འདུག

འོན་ཏེ། ད་ལན་ཞིས་ཅིན་ཕིང་དང་ཕུ་ཊིན་གཉིས་ཀྱི་ཐུག་འཕྲད་དེ། མོ་སི་ཁོས་པེ་ཅིང་ལ་དབང་བསྐུར་ཁྲི་འདོན་བྱས་པ་ལྟ་བུ་ཞིག་མ་ཡིན་པར། དེ་ལས་ལྡོག་སྟེ་པེ་ཅིང་གིས་མོ་སི་ཁོ་ལ་དབང་བསྐུར་ཆེ་སར་བཀོད་པ་ལྟ་བུ་ཞིག་ཏུ་ངོས་འཛིན་བྱེད་བཞིན་འདུག། པེ་ཅིང་གིས་སོ་སོར་ལོ་བརྒྱའི་རིང་ལ་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེ་བའི་དུས་སྐབས་ཤིག་ལ་འཁེལ་ཡོད་ལུགས་བརྗོད་དེ། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱི་འབྲེལ་ལམ་ལ་གཙོ་ཁྲིད་ཀྱི་ནུས་པ་བསྐྱར་གསོ་བྱེད་འདོད་ཡོད་པ་རེད། འོན་ཀྱང་། ཞིས་ཅིན་ཕིང་དང་ཕུ་ཊིང་གཉིས་ཀྱི་ཐུག་འཕྲད་རྗེས་སུ། དཔྱད་བརྗོད་པ་མང་པོ་ཞིག་གིས་རྒྱལ་ཁབ་ཕྱོགས་གཉིས་དབར་ཞི་བའི་གྲོས་མོལ་ཡོང་ཐབས་སུ་འབད་བརྩོན་བྱས་ཡོད་ཚུལ་དང་། ཕྱོགས་གཉིས་བར་མནའ་འབྲེལ་གྱི་འབྲེལ་བ་བཙུགས་པ་དང་། རྒྱ་ནག་གིས་ཨུ་རུ་སུ་དང་མཉམ་འབྲེལ་གྱིས་ཨ་མེ་རི་ཁས་གཙོས་པའི་ནུབ་ཕྱོགས་དམངས་གཙོ་རྒྱལ་ཁབ་ཚོར་ཁ་གཏད་གཅོག་རྒྱུའི་ཧམ་སེམས་དང་དམིགས་ཡུལ་དེ་དག་སྦས་གསང་བྱེད་ཐབས་བྱེད་བཞིན་ཡོད་པའི་ངང་ཚུལ་འཛིན་ཡོད་པ་བརྗོད་འདུག། དོན་དམ་དུའང་རྒྱ་ནག་གིས་གོང་ཞུས་དཔྱད་བརྗོད་པས་ཇི་ལྟར་བརྗོད་པ་ལྟར། གནས་ཚུལ་དེ་དག་ལ་བསམ་བློ་གཏོང་བཞིན་ཡོད་པར་མ་ཟད། ཅིག་བྱས་ན། རྒྱ་ནག་ལ་དེ་ལས་གཏིང་ཟབ་པའི་ལོ་རྒྱུས་ཀྱི་རྒྱུ་རྐྱེན་ཞིག་ཡོད་པར་འདོད་ཅིང་། དེ་ནི་ད་གཟོད་ཞིས་ཅིན་ཕིང་ཕྱི་ནང་གི་གྲངས་པ་ངན་པའི་སྐད་ཀྱིས་ཆོད་དོགས་ཀྱི་ཉེན་ཁ་ལ་མ་འཛེམ་པར་ཨུ་རུ་སུར་བསྐྱོད་དེ་ཕུ་ཊིན་ལ་ཐུག་འཕྲད་བྱས་དོན་ཡིན་ངེས་པ་དང་། དེར་མཚོན་དོན་གལ་པོ་ཆེ་ཞིག་ཀྱང་ཡོད་སྲིད་པ་རེད།

མཉམ་འབྲེལ་གསལ་བསྒྲགས་དེ་ལས་པེ་ཅིང་གི་རེ་བ་དང་བློ་འཚབ་གསལ་པོ་མངོན་པ།

ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་མཉམ་འབྲེལ་གསལ་བསྒྲགས་ལ་ཞིབ་མོར་བལྟས་ན། པེ་ཅིང་གིས་དོ་སྣང་བྱ་ཡུལ་གཙོ་བོ་དོན་ཚན་གཉིས་སུ་འདུས་ཏེ། གཅིག་ནི་ལོ་རྒྱུས་ཐོག་གི་གྲང་དམག་སྐབས་དང་མ་འདྲ་བ་ཞིག་ལ། ད་ལྟའི་རྒྱ་ནག་དང་ཨུ་རུ་སུ་གཉིས་དམག་དོན་ཆབ་སྲིད་ཀྱི་མནའ་འབྲེལ་གྱི་འབྲེལ་ལམ་ལ་འགྱུར་བ་ཕྱིན་ནས། རྒྱ་ནག་གི་ཡར་རྒྱས་གོང་འཕེལ་གྱི་འུད་ཤོབ་དང་ཨུ་རུ་སུའི་རྒྱལ་ཁབ་ཆེན་པོའི་རང་ཤེད་ཀྱི་འབོད་ཚིག་བསྒྲགས་ཏེ། རྒྱ་ནག་གིས་ཨུ་རུ་སུ་ལ་དཔལ་འབྱོར་གྱི་ཐོག་ནས་མཉམ་ལས་བྱེད་རྒྱུ་དང་། ཨུ་རུ་སུའི་གནས་སྟངས་དེ་བཞིན་ད་ཆ་རྒྱ་ནག་ལས་བལྟོས་བཅས་ཀྱིས་ཉམ་ཆག་ཕྱིན་ཡོད་པ་དང་། ཨུ་རུ་སུས་ནུས་ཁུངས་སོགས་ཀྱི་ཐད་ནས་རྒྱ་ནག་གི་ཡར་རྒྱས་ལ་སྐུལ་འདེད་གཏང་ཐུབ་པ་བཅས་ཕན་ཚུན་མཁོ་དགོས་ཆེ་ཞིང་། རྒྱལ་སྤྱིའི་ནང་རྒྱ་ནག་གི་གཏན་འཇགས་ཀྱི་ཁོར་ཡུག་དེ་མུ་མཐུད་ནས་གནས་ཐུབ་མིན་དེ་ཡང་ཚད་ངེས་ཅན་ཞིག་གི་ཐོིག་ནས་ཕུ་ཊིན་གྱིས་དམག་འཁྲུག་ལས་རྒྱལ་ཁ་ཐོབ་ཐུབ་མིན་ལ་རག་ལས་ཀྱི་ཡོད་སྟབས། ཕྱོགས་གཉིས་ཀྱི་འབྲེལ་ལམ་དེ་བཞིན་དེ་སྔར་དུས་རབས་༢༠ པའི་ལོ་རབས ༩༠ ཡི་ནང་ཅང་ཙེ་མིང་གི་དུས་སྐབས་སུ་རྒྱ་ནག་གི་ངོས་ནས། ཨུ་རུ་སུས་རྒྱ་ནག་གི་དམག་དོན་དེང་རབས་ཅན་དུ་བསྒྱུར་བར་ཕན་ཐོགས་ཡོད་པའི་རེ་བ་བཅངས་མྱོང་བ་དེ་དང་རྒྱང་ཁད་རིང་པོ་ཕྱིན་ཡོད་འདུག།

པེ་ཅིང་གིས་དོ་སྣང་བྱ་ཡུལ་གཉིས་པ་ནི། རྒྱ་ནག་གིས་ཕྱོགས་གཉིས་ཀྱི་འབྲེལ་ལམ་རྒྱུན་གནས་ཐུབ་རྒྱུར་དོ་སྣང་ཡོད་པ་སྟེ། དེ་ནི་རྒྱ་ནག་གིས་ད་བར་ཨུ་རུ་སུའི་བཙན་འཛུལ་རང་བཞིན་གྱི་དམག་འཁྲུག་ལངས་པའི་ནག་ཉེས་ལ་སྐྱོན་བརྗོད་ཚིག་གཅིག་བྱས་མེད་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད། ད་རེས་ཕྱོགས་གཉིས་ཀྱིས་སྤེལ་བའི་མཉམ་འབྲེལ་གསལ་བསྒྲགས་ལས། དྲང་བདེན་ཡིན་པའི་བདེ་འཇགས་ཀྱི་ཁེ་ཕན་ཞེས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ཡིག་ཆ་སོགས་སྒྲོག་བཞིན་དུ། རྒྱ་ནག་གིས་དོན་དམ་ལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་རྒྱབ་འགལ་གྱིས་བཙན་འཛུལ་དམག་འཁྲུག་དེ་ལ་ལངས་ཕྱོགས་གཅིག་པ་འཛིན་ཡོད་པའི་རྣམ་འགྱུར་བསྟན་ཡོད་པ་རེད། ལྷག་པར་དུ་མཉམ་འབྲེལ་གསལ་བསྒྲགས་དེ་ལས་གསར་བརྗེ་ཆེན་མོ་ལ་འགོག་སྲུང་བྱེད་དགོས་པ་བསྟན་ཡོད། དེ་ནི་རྒྱ་ནག་དམར་ཤོག་གཞུང་དང་ཨུ་རུ་སུ་གཞུང་འཛིན་གཉིས་ཀྱིས་དོགས་ཟོན་བྱེད་ས་གཙོ་ཆེ་ཤོས་ཤིག་ཆགས་ཡོད། ཁོ་ཚོས་རྟག་པར་ནམ་ཉི་མ་ཞིག་ལ་ཕྱི་ནང་གང་ས་ནས་གསར་བརྗེ་ཆེན་མོ་ཞིག་ལངས་ཏེ། སོ་སོའི་སྲིད་དབང་མགོ་རྟིང་སློག་དོགས་ཀྱི་ཞེད་སྣང་ཆེན་པོ་སྐྱེ་བཞིན་པ་རེད། གཞི་དེ་ནི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཞིས་ཅིན་ཕིང་གིས་སྒེར་གཅོད་གཅིག་སྡུད་ཀྱི་དབང་ཆ་བརྟན་པོ་ཡོང་ཐབས་ཀྱིས་མི་ཚེ་ཧྲིལ་པོར་སྲིད་དབང་བཟུང་རྒྱུའི་ལམ་ཁར་བསྐྱོད་པའི་རྒྱུ་རྐྱེན་ཞིག་ཡིན་པ་དང་། དེ་ནི་ཨུ་རུ་སུ་དང་རྒྱ་ནག་གི་འགོ་ཁྲིད་གཉིས་ཀྱི་ཐུན་མོང་གི་ཞེད་སྣང་སྐྱེ་ཡུལ་དང་བློ་རྩེ་གཅིག་མཐུན་གྱི་ཆ་ཞིག་ཀྱང་རེད།

རྒྱུ་མཚན་དེར་བརྟེན། ང་ཚོས་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་མཉམ་འབྲེལ་གསལ་བསྒྲགས་དེ་ལས། ཨ་རི་དང་ཨ་རི་དང་ལྟ་གྲུབ་མཐུན་པའི་དམངས་གཙོ་རྒྱལ་ཁབ་ཚོས་གཞི་རྟེན་བཏིང་བའི་འཛམ་གླིང་སྤྱིའི་སྒྲིག་སྲོལ་ལ་སྐྱོན་བརྗོད་གསལ་པོ་བྱས་ཡོད་པ་མཐོང་ཐུབ་ཀྱི་ཡོད་ལ། ཕྱོགས་གཉིས་ཀས་མཉམ་འབྲེལ་ཐོག་ནས་དམག་ཆེན་གཉིས་པའི་རྗེས་སུ་གཏན་འབེབས་བྱས་པའི་རྒྱལ་ཚོགས་ཀྱི་སྒྲིག་སྲོལ་ལ་དོ་ཕོག་གཏོང་ཐབས་བྱེད་བཞིན་པར་མ་ཟད། དོ་ཕོག་དེ་ཡང་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་རྒྱལ་ཚོགས་ནང་གི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ཀྱི་གོ་གནས་བེད་སྤྱོད་བཏང་ནས་དོ་ཕོག་གི་བྱ་སྤྱོད་དེ་བཞིན་སྤེལ་དང་སྤེལ་མུས་ཡིན་པ་གསལ་པོ་རེད།

རྒྱ་ནག་དང་ཨུ་རུ་སུ་གཉིས་དབར་གྱི་འགྲན་རྩོད་བསྐྱར་གསོ།

༡༩༥༦ ལོར་རྒྱ་ནག་དམར་ཤོག་ཚོགས་པས་ཨུ་རུ་སུ་དམར་ཤོག་གི་རྒྱལ་ཁབ་ཆེན་པོའི་ཕྱོགས་འཛིན་གྱི་རིང་ལུགས་ལ་ངོ་རྒོལ་གྱིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཞེས་པ་བཏོན། ཡང་དེའི་རྗེས་སུ་རྒྱ་ནག་དམར་ཤོག་ཚོགས་པས་ཨུ་རུ་སུའི་དྲག་པོས་ཐེ་ཇུས་བྱས་པར་རྒྱབ་སྐྱོར་བྱས་ཏེ་ནཱ་ཅི་གཞུང་དང་ཧང་ཀི་རི་མི་དམངས་ཀྱི་ངོ་རྒོལ་ལས་འགུལ་དེ་བཞིན་གསར་བརྗེ་ངོ་ལོག་པ་ལ་བརྩིས་ཡོད། ཕྱིས་སུ་ཀྲུའུ་ཨེན་ལའེ་ཡིས་སྐུ་ཚབ་ཚོགས་པ་ཞིག་གི་སྣེ་ཁྲིད་དེ། ༡༩༥༧ ལོའི་སྤྱི་ཟླ་དང་པོའི་ཚེས་༦ ཉིན། མོ་སི་ཁོ་ལ་འཚོགས་པའི་དམར་ཤོག་ཚོགས་ཆེན་དུ་མཉམ་བཞུགས་བྱས་ཡོད་སྟབས། ཡུ་རོབ་ཀྱིས་རྒྱ་ནག་གིས་ཡུ་རོབ་ཀྱི་ལས་དོན་ལ་ཐེ་ཇུས་བྱས་འགོ་ཚུགས་ཡོད་པར་བརྗོད། དུས་དེ་ནས་བཟུང་སྟེ་རྒྱ་ནག་གིས་ཨུ་རུ་སུ་དང་རྒྱལ་སྤྱིའི་ཐོག་དམར་ཤོག་ལས་གུལ་གྱི་འགོ་ཁྲིད་ཀྱི་གོ་གནས་ལ་འགྲན་རྩོད་ཡོད་པ་དང་འགྲན་རྩོད་དེ་ཡང་གྲང་དམག་མཇུག་མ་སྒྲིལ་བར་དུ་གནས་ཡོད་པ་རེད།

སྐབས་དེར་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མའོ་ཙེ་ཏུང་དང་། ལིའུ་ཧྲའོ་ཆིས། ཀྲུའི་ཨེན་ལའེ་སོགས་ལ་མཚོན་ན། སི་ཏཱ་ལིན་གྱི་ལྟོས་མེད་ཀྱི་ལྷ་སྒྲུང་སྦོ་ལུག་པ་དེས། དམར་ཤོག་ཚོགས་པའི་སྲིད་དབང་སྦོ་ལུག་ཉེན་ཆེ་བའི་བརྡ་ཞིག་བཏང་ཡོད་པ་མཚོན་ལ། པོ་ལན་དང་ཧང་ཀི་རི་མི་དམངས་ཚོས་ངོ་རྒོལ་ལས་འགུལ་སྤེལ་བ་ནང་བཞིན། ༡༩༨༩ ལོར་རྒྱ་ནག་ནང་དུ་ཡང་དེ་མཚུངས་ཀྱི་ངོ་རྒོལ་ལས་འགུལ་བྱུང་ཡོད། དེ་བས་མི་དམངས་ཀྱིས་གྱེན་ལོག་བྱས་ནས་སྲིད་དབང་མགོ་རྟིང་སློག་རྒྱུའི་ཉེན་ཁ་ཡོད་པའི་ཐོག། དམར་པོའི་རིང་ལུགས་ཀྱི་ཕྱོགས་གཏོགས་ནང་ཁུལ་དུའང་གཙོ་ཁྲིད་ཀྱི་གོ་གནས་དང་། མཱ་ཁེ་སི་རིང་ལུགས་ཀྱི་རྒྱུན་གཙང་མ་ཡིན་མིན་སོགས་ཀྱི་ཐད་ཨུ་རུ་སུ་དང་རྒྱ་ནག་དམར་ཤོག་གཞུང་འཛིན་བར་འགྲན་རྩོད་ཡོད་པ་ཞིག་རེད།

པེ་ཅིང་གིས་ཨུ་རུ་སུ་དང་རྒྱ་ནག་གཉིས་ཆ་གྲང་དམག་གི་འདམ་རྙོག་ཏུ་བརྫངས་པ།

ད་རེས་ཞིས་ཅིང་ཕིང་མོ་སི་ཁོ་ལ་འབྱོར་བ་དེ་དང་། དེ་སྔར་༡༩༥༧ ལོའི་སྤྱི་ཟླ་དང་པོར་ཀྲུའུ་ཨེན་ལའེ་ཡིས་ལྕགས་ཞྭ་ཞིག་གྱོན་ནས་ཧང་ཀི་རི་སིའི་རྒྱལ་ལ་པུ་ཊ་ཕེ་སིར་འབྱོར་བའི་ངང་ཚུལ་གཉིས་ཧ་ལམ་འདྲ་པོ་ཆགས་ཡོད་ཀྱང་། ད་རེས་ཞིས་ཅིན་ཕིང་གི་ཐོག་ནས་སྤོབས་པ་དང་། གོ་སྐབས་རིང་ལུགས། བཙན་དབང་རིང་ལུགས། མཆོག་འཛིན་རིང་ལུགས་ཀྱི་ཉམས་ཤིག་མཐོང་ཐུབ་ཅིང་། ཨུ་རུ་སུས་ཡུག་ཀེ་རན་ལ་དམག་གིས་བཙན་འཛུལ་བྱས་ནས་ཟླ་བ་༡༣ ལྷག་འགོར་བའི་རྗེས་སུ། རྒྱ་ནག་གིས་གཞི་ནས་བར་གནས་ཀྱི་སྲིད་ཇུས་འཛིན་བཞིན་ཡོད་ལུགས་བསྒྲགས་ཏེ། དམག་འཁྲུག་དེ་གང་མགྱོགས་མཚམས་བཞག་དགོས་པའི་ཞི་བའི་གྲོས་འཆར་ཡིན་ཟེར་བའི་དོན་ཚན༡༢ ཅན་ཞིག་བཏོན་ཡོད་པ་དེ་ནི། ཨུ་རུ་སུ་དང་ཡུག་ཀེ་རན་གྱི་དམག་འཁྲུག་ནང་ནས་ས་ཁམས་ཆབ་སྲིད་ཀྱི་ཁེ་ཕན་རག་ཐབས་བྱེད་པའི་བྱེད་སྟངས་ཤིག་དང་། རྒྱ་ནག་དམར་ཤོག་གིས་མི་ལོ་བདུན་ཅུ་ལྷག་རིང་གི་ཨུ་རུ་སུ་དང་འབྲེལ་ལམ་བཙུགས་པའི་ལོ་རྒྱུས་ལས་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། ད་ལྟའི་ཆར་སྐབས་འཚོལ་རིང་ལུགས་ཀྱི་ཐབས་ཇུས་ཤིག་སྤེལ་བཞིན་ཡོད་པ་གསལ་པོ་རེད།

དེ་དང་ཕྱོགས་མཚུངས། ཨུ་རུ་སུ་དང་རྒྱ་ནག་གི་འགོ་ཁྲིད་གཉིས་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་མི་དམངས་དང་དཔོན་རིགས་ཚོས་ཡིད་ཆེས་ཡོད་མེད་ལ་མ་བལྟོས་པར། སོ་སོའི་སྒེར་གཅོད་ཀྱི་སྲིད་དབང་དེ་བཞིན་སྲ་བརྟན་ཡོང་ཐབས་སུ་འབད་བརྩོན་བྱེད་བཞིན་ཡོད་པས། རྒྱ་ནག་ནི་གྲང་དམག་གསར་པའི་འདམ་རྙོག་ཏུ་ཚུད་བཞིན་པར་མ་ཟད། ཞིས་ཅིན་ཕིང་གིས་རྒྱ་ནག་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོ་ནུབ་ཕྱོགས་དམངས་གཙོ་རྒྱལ་ཁབ་ཚོ་དང་དུས་ཡུན་རིང་པོར་ཁ་གཏད་དུ་ལངས་པའི་གྲང་དམག་གསར་པའི་འདམ་རྫབ་ཀྱི་ཀློང་ཡངས་པོར་ཁྲིད་བཞིན་པ་རེད།

XS
SM
MD
LG