རེས་གཟའ་གཟའ་ཕུར་བུའི་ཞོགས་པ་རྒྱལ་ས་པེ་ཅིང་ནང་ཡོད་རྒྱ་ནག་མི་མང་ཚོགས་ཁང་ཆེན་མོའི་ནང་གླིང་ཆེན་ཨ་ཕྷེ་རི་ཀའི་ཡུལ་གྲུ་ཁག་གི་འགོ་ཁྲིད་ལྔ་བཅུ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཨེན་ཐོ་ནིའོ་ གྷུ་ཏེ་རེས་བཅས་མཉམ་ཞུགས་ཡོད་པའི་ཚོགས་ཆེན་འགོ་འཛུགས་བྱས་འདུག་པ་དང་། དེར་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་གླིང་ཆེན་ཨཕྷེ་རི་ཀའི་རྒྱལ་ཁབ་ཁག་གི་ནང་འཛུགས་སྐྲུན་ལས་འཆར་ཁག་དང་། ཚོང་འབྲེལ་། སོ་ནམ་ཞིང་ལས་དང་ནུས་ཤུགས་སོགས་ལ་མཉམ་འབྲེལ་ལས་འཆར་སྤེལ་རྒྱུར་མ་འོངས་ལོ་གསུམ་གྱི་ནང་རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་༥༠་ཙམ་མཁོ་སྤྲོད་བྱ་རྒྱུ་ཡིན་ཞེས་ཁས་ལེན་བྱས་པ་དང་ཆབས་ཅིག གླིང་ཆེན་ཨཧྥེ་རི་ཀ་དང་རྒྱ་ནག་གཉིས་ཀྱི་དབར་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་ལས་འཆར་འདི་ནི་ལོ་རྒྱུས་ཀྱི་མཚམས་རྡོ་ཡག་ཤོས་ཤིག་ལ་གྱུར་ཡོད་ཅེས་བཤད་འདུག
རྒྱ་ནག་གཞུང་ཕྱོགས་ནས་གླིང་ཆེན་ཨཧྥེ་རི་ཀའི་ ཡུལ་གྲུ་ཁག་དང་མཉམ་དུ་ཞིང་ལས་དང་ བཟོ་ལས། འཛུགས་སྐྲུན། ཚོང་འབྲེལ་བཅས་ཀྱི་ནང་མར་རྩ་འཛུགས་རྒྱུར་གྲ་སྒྲིག་ཡིན།
རྒྱ་ནག་གཞུང་གིས་གླིང་ཆེན་ཨཕྷེ་རི་ཀ་དང་འབྲེལ་བའི་བརྒྱུད་རིམ་ཁག་གཏིང་ཟབ་ཏུ་གཏང་སྟེ་མ་འོངས་ལོ་གསུམ་ནང་ཨ་སྒོར་ཐེར་འབུམ་༥༠་༧ ཙམ་ཞིག་གྱི་འགྲོ་གྲོན་རོགས་རམ་བྱ་རྒྱུའི་མདུན་པ་ཡོད་ཅེས་གསུངས་བ་དང་ཆབས་ཅིག གོང་གི་འགྲོ་གྲོན་རོགས་རམ་དེ་དག་གི་ནང་ནས་ཕྱེད་ཀ་ཙམ་ཞིག་་ཕན་ཚུན་ཡིད་ཆེས་ཐོག་ནས་བུ་ལོན་གྱི་ཚུལ་དུ་མཁོ་སྤྲོད་བྱ་རྒྱུ་དང་། དངུལ་འབོར་དེ་དག་གི་ནང་ནས་་ཨ་སྒོར་ཐེར་འབུམ་༡༡ ཙམ་ཞིག་་ལས་འཆར་འདྲ་མིན་ལ་འགྲོ་གྲོན་གཏོང་རྩིས་ཡོད་ཅེས་དང་། ཡང་ཨ་སྒོར་ཐེར་འབུམ་༡༠ ཙམ་ནི་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཚོས་གླིང་ཆེན་ཨཧྥེ་རི་ཀའི་ནང་ མར་རྩ་འཛུགས་འདོད་ཡོད་མཁན་ཚོར་བློ་སྟོབས་སྤེལ་རྒྱུའི་ཆེད་དུ་ཡིན་ཞེས་དང་། རྒྱ་ནག་གཞུང་གི་འགྲོ་གྲོན་དེ་དག་ཐོག་ནས་་་ས་གནས་མི་མང་ས་ཡ་གཅིག་ཙམ་ཞིག་ལ་ལས་ཀའི་གོ་སྐབས་སྐྲུན་ཐུབ་པ་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་འདུག
ཚོགས་ཆེན་དེའི་ནང་མཉམ་ཞུགས་ཡོད་པ་མཉམ་འབྲེལ་་རྒྱལ་ཚོགས་ཀྱི་དྲུང་ཆེ་ཨེན་ཐོ་ནི་འོ་ གྷུ་ཏོ་རེས་ཡིས་གླིང་ཆེན་ཨཧྥེ་རི་ཀ་དང་རྒྱ་ནག་གཉྀས་དབར་འབྲེལ་བ་་བཟང་དུ་འགྲོ་གི་ཡོད་པ་འདི་ཐོག་ནས་རང་བྱུང་ནུས་ཤུགས་ཀྱི་དགོས་མཁོ་བསྐྱར་གསོ་ཡང་བཟོ་བྱ་རྒྱུར་ གསར་བརྗེའི་ཐབས་ལམ་ཞིག་སྐྲུན་ཐུབ་རྒྱུ་དང་། རྒྱ་ནག་གཞུང་ལ་དབུལ་ཕོང་ཉམ་ཐག་ཁག་གི་དཀའ་ངལ་སེལ་ཐུབ་རྒྱུའི་ཉམས་མྱོང་མང་པོ་ཡོད་པ་དེ་དག་གིས་གླིང་ཆེན་ཨཧྤེ་རི་ཀར་་ཕན་ཐོགས་ཡོང་བའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་འདུག
འཛམ་གླིང་ནང་ནས་དཔལ་འབྱོར་གནས་སྟངས་ བཟང་ཤོས་ ཨང་གཉིས་པ་ཡིན་པ་རྒྱ་ནག་དང་གླིང་ཆེན་ཨཧྤེ་རི་ཀ་གཉིས་ཀྱི་དབར་ཚོང་འབྲེལ་གྱི་འབྲེལ་ལམ་ཉེ་རུ་འགྲོ་གི་ཡོད་པ་དེ་ཐོག་ནས་རྒྱ་ནག་གཞུང་གིས་ཨཧྥེ་རི་ཀའི་ནང་ཡོད་གསེར་དང་ཟངས། ལི་ཐི་ཡམ་ལ་སོགས་ཀྱི་གཏེར་མཛོད་རིགས་གང་མང་འདོན་སྤེལ་ཚོང་འགྲེམས་ཐུབ་རྒྱུའི་རེ་བ་བཅང་གི་ཡོད་པའི་ཚོད་དཔག་བྱེད་ཀྱི་འདུག་པ་དང་། རྒྱ་ནག་ཐོག་ཉམས་ཞིབ་བྱེད་མཁན་ཚོས་བརྗོད་པར་བྱས་ན། རྒྱ་ནག་གཞུང་གིས་གླིང་ཆེན་ཨཧྥེ་རི་ཀར་དངུལ་གྱི་རོགས་རམ་མང་པོ་སྤྲོད་རྩིས་ཡོད་པ་དེ་དག་ཨ་ཧྥི་རི་ཀར་དགའ་དྲག་ནས་བྱེད་ཀྱི་ཡོད་པ་དེ་ལས་རྒྱལ་ནང་གི་དཔལ་འབྱོར་གནས་སྟངས་ཡག་པོ་མེད་པ་དེ་དང་། རྒྱལ་སྤྱིའི་ཆབ་སྲིད་ནང་ཨ་རི་དང་འཁོན་འཛིན་གནས་སྟངས་ཆེ་རུ་འགྲོ་གི་ཡོད་པ་དེ་དག་ལས་གཡོལ་ཐབས་ཤིག་མིན་ནམ་སྙམ་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
ཨེ་ཨེཕ་པི་གསར་ཁང་དང་སི་ཨན་ཨན་གཉིས་ནས་བཏུས།
གསར་འགོད་པ། ཚེ་བརྟན་ཆོས་སྒྲོན།
ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།
གླེང་སྟེགས།