ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༩/༡༨

ཧོང་ཀོང་གིས་ཨ་རིར་སྐྱོན་བརྗོད་བྱས།


ཉེན་རྟོག་པ་ཚོ་རྒྱ་ནག་དང་ཧོང་ཀོང་གི་དར་ཆའི་འགྲམ་ནས་འགྲོ་བཞིན་ཡོད།
ཉེན་རྟོག་པ་ཚོ་རྒྱ་ནག་དང་ཧོང་ཀོང་གི་དར་ཆའི་འགྲམ་ནས་འགྲོ་བཞིན་ཡོད།

རེས་གཟའ་ལྷག་པའི་ཉིན་མོ་ཨ་རིའི་གྲོས་ཚོགས་འོག་མས་ཨ་རིའི་ནང་ཡོད་པའི་ཧོང་ཀོང་གི་སྐུ་ཚབ་ལས་ཁུངས་སྒོ་བརྒྱབ་རྒྱུའི་གྲོས་འཆར་བཏོན་པ་དེར་ཧོང་ཀོང་གཞུང་གིས་སྐྱོན་བརྗོད་བྱས་ནས་གལ་སྲིད་ཧོང་ཀོང་གི་སྐུ་ཚབ་ལས་ཁུངས་སྒོ་བརྒྱབ་པ་ཡིན་ན་རྒྱ་ནག་གིས་ཨ་རིར་ཡ་ལན་བསློག་རྒྱུ་ཡིན་ཞེས་བཤདའདུག

ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཚོ་གཟའ་འཁོར་དྲུག་གི་དགུང་སེང་ནས་ཕྱིར་ལོག་གནང་རྗེས་རེས་གཟའ་ཟླ་བ་ནས་བཟུང་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་གསར་པ་༣༠མ་ཟིན་ཙམ་ལ་བསྐྱར་ཞིབ་དང་གྲོས་ཆོད་འཇོག་རྒྱུའི་འཆར་གཞི་འདུག་པ་དང་། གྲོས་འཆར་དེ་དག་མང་ཆེ་བ་ནི་རྒྱ་ནག་དང་འབྲེལ་བ་ཡོད་པ་ཁག་ཡིན་ཅིང་། དེ་ཚོའི་ནང་རྒྱ་ནག་ནས་བཟོ་བསྐྲུན་བྱས་པའི་མི་མེད་གནམ་གྲུ་ཨ་རིར་ནང་འདྲེན་བཀག་འགོག་བྱ་རྒྱུ་དང་། རྒྱ་ནག་གི་སྐྱེས་དངོས་ཚན་རིག་དང་འབྲེལ་བའི་ཁེ་ལས་ཁང་དང་ཨ་རིའི་ཁེ་ལས་ཁང་ཁག་དང་ཚོང་འབྲེལ་མི་ཆོག་པ། ཨ་རིའི་གཙུག་ལག་སློབ་གཉེར་ཁང་ཁག་གི་ནང་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ཆེད་དུ་དམིགས་པའི་ཁུང་ཙེ་སློབ་གཉེར་ཟེར་བ་བཙུགས་མཁན་ལ་ཨ་རིའི་རྒྱལ་ནང་བདེ་འཇགས་ལྷན་ཁང་ནས་བཀག་འགོག་བྱེད་དགོས་རྒྱུ། རྒྱ་ནག་གི་མི་སེར་ནས་ཨ་རིའི་ནང་ས་ཁང་ཉོ་རྒྱུ་བཀག་འགོག་སོགས་ཡོད་མ་ཟད། ཐེ་ཝན་དང་ཧོང་ཀོང་འབྲེལ་བའི་གནད་དོན་མང་པོ་ཞིག་ཡོད་པ་ལྟར་གཟའ་མིག་དམར་ཉིན་མོ་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཧོང་ཀོང་གི་རང་སྲིད་རང་སྐྱོང་གི་གནས་བབ་དང་རང་དབང་ཁག་ལ་རྒྱ་ནག་དམར་ཤོག་གཞུང་ནས་གཏོར་བཤིག་འཚབ་ཆེ་བཏང་ཡོད་སྟབས་ཨ་རིའི་གཞུང་འཛིན་ལྷན་ཁང་ནས་ཨ་རིའི་ནང་ཡོད་པའི་ཧོང་ཀོང་གི་དཔལ་འབྱོར་དང་ཚོང་འབྲེལ་སྐུ་ཚབ་ལས་ཁུངས་ལ་དེ་སྔ་ཡོད་པའི་དམིགས་གསལ་གྱི་ཐོབ་ཐང་ཁག་མེད་པ་བཟོ་དགོས་པ་དང་། དེ་རྗེས་རིམ་པས་སྒོ་བརྒྱབ་དགོས་པའི་གྲོས་འཆར་ལ་སྲིད་དོན་ཚོགས་པ་གཉིས་ཀའི་གྲོས་ཚོགས་འཐུས་མི་ཚོའི་བསམ་ཚུལ་བསྡུ་ལེན་གནང་སྐབས་འཐུས་མི་༤༡༣ཡིས་རྒྱབ་སྐྱོར་དང་ངོ་རྒོལ་བྱེད་མཁན་༣ལས་མ་བྱུང་མེད་པར་སྤྱི་མོས་ལྟ་བུའི་རྒྱབ་སྐྱོར་ཐོབ་འདུག

གྲོས་འཆར་དེ་ནི་ཨ་རིའི་ནིའུ་ཇེ་སི་མངའ་སྡེའི་སྤྱི་མཐུན་སྲིད་དོན་ཚོགས་པའི་འཐུས་མི་ཁཱེ་སི་སི་མི་ཌ་དང་མཱེ་སི་ཆུ་སི་སི་མངའ་སྡེའི་དམངས་གཙོ་ཚོགས་པའི་འཐུས་མི་ཇེམ་མེཀ་གྷོ་ཝེན་རྣམ་གཉིས་ནས་གཙོ་འདོན་གནང་བ་ཞིག་ཡིན་པ་དང་། གྲོས་འཆར་དེར་གྲོས་ཚོགས་འོག་མའི་ནང་རྒྱབ་སྐྱོར་ཐོབ་ཟིན་ནས་གྲོས་ཚོགས་གོང་མའི་ནང་འོས་བསྡུ་དང་མཐའ་མ་སྲིད་འཛིན་གྱི་མཚན་རྟགས་བཀོད་པ་སོགས་ཀྱི་རྗེས་དངོས་སུ་ཁྲིམས་ལུགས་སུ་འཁོད་རྒྱུ་ཡིན་པ་རེད། གལ་སྲིད་ཨ་རིའི་གཞུང་འཛིན་ལྷན་ཁང་ནས་གྲོས་ཚོགས་ཀྱི་གྲོས་འཆར་ལྟར་ལག་ལེན་གནང་བ་ཡིན་ཚེ་ཨ་རིའི་ནང་ཡོད་པའི་ཧོང་ཀོང་གི་སྐུ་ཚབ་ལས་ཁུངས་དེ་དག་ཉིན་གྲངས་༡༨༠ནང་རིམ་བཞིན་ལས་དོན་འཚམས་འཇོག་གམ་སྒོ་བརྒྱབ་དགོས་ཆགས་རྒྱུ་ཡིན་པ་རེད།

ཨ་རིའི་ནང་ཧོང་ཀོང་གི་དཔལ་འབྱོར་དང་ཚོང་འབྲེལ་སྐུ་ཚབ་ལས་ཁུངས་ཁྱོན་གསུམ་ཡོད་པ་དང་། དེ་ཡང་རྒྱལ་ས་ཝ་ཤིན་ཌོན་དང་གྲོང་ཁྱེར་ནིའུ་ཡོག སཱན་ཕན་སི་སི་ཁོ་བཅས་ནང་ཡོད་ཅིང་། ཨ་རིའི་གྲོས་ཚོགས་འོག་མའི་ནང་བསམ་ཚུལ་འོས་བསྡུ་གནང་སྟེ་གྲོས་འཆར་དེར་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་པའི་རྗེས་སུ་རེས་གཟའ་ལྷག་པའི་ཉིན་ཧོང་ཀོང་ས་གནས་གཞུང་ནས་ཨ་རིའི་གྲོས་འཆར་དེ་ནི་ཧོང་ཀོང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་འཁྱོགས་བཤད་དང་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་དེ་ཁྲིམས་འགལ་བཟོ་ཐབས་ཞིག་རེད་ཅེས་སྐྱོན་བརྗོད་བྱས་འདུག་པ་དང་། ཧོང་ཀོང་ནང་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ལག་ལེན་བྱས་པའི་སྐབས་སུ་ཨ་རིའི་ཚོང་དོན་ཁང་ཁག་ལ་གནོད་འཚེ་གང་ཡང་བྱུང་ཡོད་མ་རེད་ཅེས་སོགས་བཤད་འདུག ཡིན་ནའང་ཨ་རིའི་གྲོས་ཚོགས་འཐུས་མི་ཚོས་༢༠༢༠ལོར་རྒྱ་ནག་གཞུང་ནས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཁྲིམས་ལུགས་ཟེར་བ་ལག་ལེན་གྱིས་ཧོང་ཀོང་གི་རང་དབང་དང་དམངས་གཙོའི་ཐོབ་ཐང་མེད་པ་ཟོས་པ་སོགས་ཀྱི་རྗེས་ཨ་རིའི་ངོས་ནས་རྒྱ་ནག་གི་བྱ་སྤྱོད་ལ་ཁ་གཏད་དང་དམངས་གཙོ་རྩོད་ལེན་པ་ཚོར་ལག་བསྟར་བྱེད་སྟངས་ཐོག་ནས་རྒྱབ་སྐྱོར་མཚོན་ཆེད་དུ་ཁྲིམས་འཆར་དེ་བཏོན་པ་ཞིག་ཡིན་ཞེས་གསུང་གི་ཡོད་པ་རེད།

ཨེ་པི་གསར་ཁང་དང་ལྷོ་རྒྱ་ནག་རྒྱ་མཚོ་གསར་ཁང་གཉིས་ནས་བཏུས།

གསར་འགོད་པ། པ་སངས་དབྱངས་སྐྱིད།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG