ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

ཤྲི་ལང་ཀའི་དབང་ཤུགས་ཆེ་བ་རཱ་ཇ་པཀ་སའི་ཁྱིམ་རྒྱུད་སྲིད་འཛིན་འོས་བསྡུའི་ནང་ཞུགས་རྒྱུ།


ཤྲི་ལང་ཀའི་དབང་ཤུགས་ཆེ་བ་རཱ་ཇ་པཀ་སའི་ཁྱིམ་རྒྱུད་སྲིད་འཛིན་འོས་བསྡུའི་ནང་ཞུགས་རྒྱུ།
ཤྲི་ལང་ཀའི་དབང་ཤུགས་ཆེ་བ་རཱ་ཇ་པཀ་སའི་ཁྱིམ་རྒྱུད་སྲིད་འཛིན་འོས་བསྡུའི་ནང་ཞུགས་རྒྱུ།

ཤྲི་ལང་ཀའི་ནང་ཟླ་བ་རྗེས་མའི་ཚེས་༢༡ཉིན་བྱ་རྒྱུའི་སྲིད་འཛིན་འོས་བསྡུའི་འགྲན་རྩོད་ནང་ཞུགས་མཁན་འོས་མི་ཚོས་ཚེས་ ༡༥ གོང་མིང་ཐོ་དེབ་སྐྱེལ་བྱེད་དགོས་ཀྱི་ཡོད་པ་དང་། ཤྲི་ལང་ཀའི་མི་མང་མདུན་བསྐྱོད་ཚོགས་པའི་འོས་མིར་རང་ལོ་༣༨སོན་པ་གྲོས་ཚོགས་འཐུས་མི་ནཱ་མལ། རཱ་ཛ་པཀ་ས་གཏན་འཁེལ་བྱས་འདུག དེ་ནི་ཡུལ་དེའི་ཆབ་སྲིད་ལོ་རྒྱུས་ནང་དེ་སྔ་ཕྱི་ལོ་༡༩༤༨ལོར་ཤྲིལང་ཀར་རང་བཙན་ཐོབ་པ་ནས་བཟུང་ལོ་ངོ་བཅུ་ཕྲག་བདུན་ཙམ་གྱི་རིང་ཆབ་སྲིད་ཀྱི་དབང་ཤུགས་ཆེ་ལ་སྲིད་འཛིན་གྱི་གོ་གནས་ཐེ་བའི་མཐོ་རིམ་གོ་གནས་ཐོག་ལོ་བཅུ་ཕྲག་མང་པོ་ཞུགས་མཁན་རཱ་ཛ་པཀ་སའི་ཁྱིམ་ཚང་གི་རྒྱུད་པ་གཅིག་གིས་སླར་ཡང་ཡུལ་དེའི་སྲིད་འཛིན་གྱི་གོ་གནས་བཟུང་རྒྱུའི་འདུན་པ་བཅངས་པ་གཅིག་རེད།

ད་ལམ་གྱི་འོས་བསྡུ་དེ་ནི་ད་ལྟའི་ལས་ཐོག་སྲིད་འཛིན་ཝི་ཀ་ར་མ་སིང་གེས་རྒྱལ་སྤྱིའི་མ་དངུལ་ཐེབས་རྩ་ནས་བུ་ལོན་སྔ་གཡར་བྱས་པའི་ལས་འཆར་འོག་ཡུལ་ནང་བུ་ལོན་སྤྲོད་འཇལ་ལ་ཕན་པའི་བསྐྱར་འཛུགས་ལས་གཞི་གནད་ཡོད་རྣམས་དང་དངུལ་རྩིས་དང་དཔལ་འབྱོར་མ་ལག་ལ་བཅོས་འགྱུར་གཏོང་རྒྱུར་འབད་བརྩོན་ལ་གྲུབ་འབྲས་སོན་ཐབས་ལ་དམིགས་པ་ཞིག་ཡིན་པ་རེད།

ཟླ་བ་རྗེས་མའི་སྲིད་འཛིན་གྱི་འོས་མིའི་གྲས་སུ་སྲིད་འཛིན་ཝི་ཀ་ར་མ་སིང་གེ་ཉིད་ཀྱང་ཚོགས་པ་གཞན་ལ་མ་བསྟུན་པར་རང་དབང་གིས་འགྲན་རྩོད་གནང་གི་ཡོད་ཅིང་། ཁོང་ལ་རྒྱབ་སྐྱོར་བྱེད་མཁན་མང་པོ་ཞིག་ནི་མི་མང་མདུན་བསྐྱོད་ཚོགས་པ་ནས་ཡིན་སྟབས་འོས་བསྡུ་དེའི་ཐོག་ནཱ་མལ་ རཱ་ཛ་པཀ་ས་ལ་རྒྱབ་སྐྱོར་གང་འདྲ་ཐོབ་བརྗོད་དཀའ་བ་ཆགས་ཡོད་པ་རེད། གནས་ཚུལ་ཐོན་པར་གཞིགས་ན་ ད་བར་ཤྲི་ལང་ཀའི་སྲིད་འཛིན་འོས་མིར་ཞུགས་རྒྱུར་འདོད་པ་བཅང་མཁན་མི་གྲངས་ཉི་ཤུ་ཙམ་བྱུང་འདུག

ཡང་ད་ལམ་སྲིད་འཛིན་འོས་མིའི་གྲས་སུ་དེ་སྔ་ཕྱི་ལོ་༢༠༠༥ནས་༢༠༡༥བར་ཤྲི་ལང་ཀའི་གྲངས་མང་ནང་པའི་ཆོས་དད་པ་སིང་ཧ་ལིའི་མི་རིགས་ཀྱི་ལར་ཞེན་བློ་སེམས་མགུ་པོ་བྱུང་བའི་ཐོག་སྲིད་འཛིན་གྱི་གོ་གནས་ཐོག་ཞུགས་མཁན་མ་ཧེན་ཌ་ར། རཱ་ཛ་པཀ་ས་ཡི་བུ་རྒན་ཤོས་ནཱ་མལ་ར་ཛ་པཀ་ས་ཡིས་འཛུལ་ཞུགས་བྱེད་ཀྱི་ཡོད་པ་དེ་ནི། ཕྱི་ལོ་༢༠༢༢ལོར་ཁོང་གི་ཨ་ཁུ་གྷོ་ཏ་བྷེ་ཡ་ རཱ་ཛ་པཀ་སའི་སྲིད་འཛིན་ལས་དུས་སུ་གཞུང་འཛིན་དང་རྩིས་རྒྱག་ཚུལ་བཞིན་བསྒྱུབས་མ་ཐུབ་པའི་རྐྱེན་གྱིས་མི་མང་གི་ཉིན་རེའི་འཚོ་བའི་དགོས་མཁོ་བསྒྲུབ་རྒྱུར་འདེང་ངེས་མེད་པ་ཆགས་ཏེ་དཔལ་འབྱོར་གནས་སྟངས་དགག་རྩའི་རང་བཞིན་དུ་གྱུར་བར་བརྟེན་མི་མང་གིས་ཧ་ཅང་ཁོང་ཁྲོ་ཆེན་པོའི་ངང་དྲག་ཟིང་ཆེ་བའི་ངོ་རྒོལ་བྱས་ཤིང་། ཁོང་རང་ཡུལ་ནས་བྲོས་བྱོལ་དང་འབྲེལ་གཞུང་འཛིན་དབང་ཆ་གློ་བུར་དུ་དོར་དགོས་བྱུང་བ་རེད། ད་ཆ་སླར་ཡང་ར་ཇ་པཀ་ས་ཁྱིམ་ཚང་གི་རྒྱུད་འཛིན་པ་ཞིག་གིས་ཡུལ་གྱི་སྲིད་འཛིན་གནང་རྒྱུར་དམིགས་ཡུལ་བཟུང་བ་ཆགས་འདུག ཟིང་འཁྲུག་དེ་བྱུང་སྐབས་སུ་ནཱ་མལ་རཱ་ཛ་པཀ་ས་ནི་ཡུལ་གྱི་གཞོན་སྐྱེས་དང་རྩེད་རིགས་ལས་ཁུངས་ཀྱི་བློན་ཆེན་ཡིན་པ་དང་། གོ་གནས་དེ་ནས་དགོངས་ཞུ་བྱས་འདུག་ཀྱང་དཔོན་རིགས་ཁྲོད་ཀྱི་ཁོང་གི་སྤུན་མཆེད་གཞན་ལྟར་གྲོས་ཚོགས་ཀྱི་འཐུས་མིའི་ཞབས་སྟེགས་ཐོག་མུ་མཐུད་གནས་ཡོད་པ་རེད། འཁྱུག་ཟིང་དེར་བརྟེན་ཡུལ་གྱི་གྲོས་ཚོགས་ཀྱིས་དེའི་སྐབས་ཀྱི་སྲིད་བློན་ར་ནིལ། ཝི་ཀ་རམ་སིང་གེ་ལ་སྲིད་འཛིན་དུ་འོས་འདེམས་བྱུང་ཡོད་པ་མ་ཟད་ ཁོང་གི་འགོ་ཁྲིད་འོག་ཤྲི་ལང་ཀའི་དཔལ་འབྱོར་ལ་ཡར་རྒྱས་གང་ཙམ་བྱུང་ཡོད་པ་རེད།

ཨེ་པིགསར་སྤེལ་ལས་ཁང་དང་བྷུ་ལུམ་བྷག་གསར་ཁང་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG