ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༢༤

ཧེ་རི་སིའི་ལས་འགུལ་ཁང་གིས་ཁ་ཆེ་ཚོའི་འོས་ཤོག་ཐོབ་ཐབས་སུ་འབད།


ཨ་རིའི་ཁ་ཆེ་ཚོས་ཕྱི་ལོ ༢༠༢༤ ལོའི་ཟླ ༤ ཚེས ༡༠ རེས་གཟའ་ལྷག་པ་ལ། ལའོ་སི་ཨན་ཇེ་ལི་སི་གྲོང་ཁྱེར་དུ་རཱ་མ་དྷན་གྱི་དུས་ཆེན་མཇུག་སྒྲིལ་བའི་སྨོན་ལམ་འདེབས་བཞིན་ཡོད།
ཨ་རིའི་ཁ་ཆེ་ཚོས་ཕྱི་ལོ ༢༠༢༤ ལོའི་ཟླ ༤ ཚེས ༡༠ རེས་གཟའ་ལྷག་པ་ལ། ལའོ་སི་ཨན་ཇེ་ལི་སི་གྲོང་ཁྱེར་དུ་རཱ་མ་དྷན་གྱི་དུས་ཆེན་མཇུག་སྒྲིལ་བའི་སྨོན་ལམ་འདེབས་བཞིན་ཡོད།

༄༅།། ཨ་མི་རི་ཀའི་སྲིད་འཛིན་འོས་འདེམས་ལ་ཟླ་བ་༢་ལྷག་ལས་མེད་པའི་མཚམས་འདིར་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་དང་འོས་བསྡུའི་ཕྱག་སྦྲེལ་ཊིམ་ཝོལ་ཛི་གཉིས་ཀྱི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཁང་གིས་ཨ་རིའི་སྤྱི་དམངས་ཨི་ཇེབ་པ་ཞིག་གླས་ནས་ཁ་ཆེ་ཚོའི་འོས་ཤོག་ཐོབ་ཐབས་སུ་འབད། ཕྱི་ཟླ་༨་པའི་ཚེས་༢༨་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་དུས་སུ་ཨ་རིའི་རྒྱལ་ནང་སྲུང་སྐྱོབ་ལྷན་ཁང་དུ་འཁྱུག་ཙམ་རིང་སྲི་ཞུ་བསྒྲུབས་པའི་ལས་བྱེད་པ་ཟུར་པ་སྟེ། ཨི་ཇེབ་པ་ཁྲིམས་རྩོད་པ་བྷ་རེན་ཌ་ཨབ་ཌེ་ལཱལ་(Brenda Abdelall)་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་བར་གླས།།

ཁྲིམས་རྩོད་པ་ཨབ་ཌེ་ལཱལ་གྱི་ལས་འགན་གཙོ་བོ་ནི་ཨ་མི་རི་ཀའི་མངའ་སྡེ་ཁག་ཏུ་ཁ་ཆེ་དང་ཨ་རབ་པ་མང་པོ་ཡོད་པ་དེ་དག་ལ་འབྲེལ་བ་འཛུགས་རྒྱུ་དང་ཕྱི་ཟླ་༡༡་པའི་ཚེས་༥་ཉིན་སྲིད་འཛིན་འོས་བསྡུ་བྱས་པའི་སྐབས་སུ་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཀ་མ་ལ་ཧེ་རི་སི་ལ་འོས་ཤོག་འཕེན་དགོས་ཞེས་སྐུལ་ལྕག་གཏོང་དགོས་པའི་ལས་འགན་སྤྲད། ཁོ་མོའི་སྔོན་དུ་ཨབ་ཧན་བ་ཁྲིམས་རྩོད་པ་ན་སི་རི་ན་བྷར་གྷ་ཛི་ཟེར་པ་ཞིག་ཀྱང་གླས་ཟིན་ཡོད་ཅིང་། ད་དུང་ཡང་གྷ་ཛའི་དམག་འཁྲུག་ཐག་ཆོད་ཀྱི་མེད་པ་དང་ཨ་མི་རི་ཀས་མཐའ་གཅིག་ཏུ་ཨི་སི་རལ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པས་ཨ་རིའི་སྤྱི་དམངས་ཁ་ཆེ་དང་ཨ་རབ་པ་ཚོ་དམངས་གཙོ་ཚོགས་པར་བློ་ལོག

དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཀ་མ་ལ་ཧེ་རི་སི་དང་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་གཉིས་ལ་མི་མང་འོས་ཤོག་འཕེན་མཁན་མང་ཉུང་ཁྱད་པར་ཆེན་པོ་མེད་པར་འགྲན་སྡུར་གྱི་རྣོ་ངར་ཆེ་རུ་སོང་། མཱི་ཆི་གྷན་མངའ་སྡེའི་ཨ་རིའི་སྤྱི་དམངས་ཁ་ཆེ་ཚོས་སྲིད་འཛིན་འོས་མི་གཉིས་ཀྱི་སུ་ལ་འོས་ཤོག་འཕངས་ན་འོས་བསྡུའི་གྲུབ་འབྲས་དེར་ཁྱད་པར་གཏོད་ཐུབ་པའི་ནུས་པ་ཆེ། ༢༠༢༠་ལོར་སྲིད་འཛིན་བྷ་ཌན་ལ་ཨ་རིའི་ཁ་ཆེ་དང་ཨ་རབ་པ་ཚོའི་འོས་ཤོག་མང་བ་ཐོབ་ཀྱང་བྷ་ཌན་གྱི་གཞུང་གིས་ཨི་སི་རལ་ལ་རྒྱབ་སྐྱོར་བྱ་རྒྱུ་ཐལ་དྲགས་པས་ཁ་ཆེ་ཚོས་སྔར་བཞིན་དམངས་གཙོ་ཚོགས་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་མིན་ངེས་གཏན་བྲལ།།

ཨ་རིའི་ཁ་ཆེའི་མི་མང་ལ་འོས་ཤོག་འཕེན་པའི་མིང་ཐོ་བཟོ་རུ་བཅུག་ཡོད།
ཨ་རིའི་ཁ་ཆེའི་མི་མང་ལ་འོས་ཤོག་འཕེན་པའི་མིང་ཐོ་བཟོ་རུ་བཅུག་ཡོད།

ཨ་རིའི་ཁ་ཆེ་ཚོས་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཀ་ལ་ཧེ་རི་སི་ལ་རྒྱབ་སྐྱོར་བྱ་རྒྱུའི་ཁས་ལེན་བྱ་རྒྱུ་མིན་ཞེས་ལས་འགུལ་སྤེལ་གྱི་ཡོད་པར་མ་ཟད། ལས་འགུལ་དེར་དམངས་གཙོ་ཚོགས་པའི་ཁོངས་སུ་རྒྱབ་སྐྱོར་བ་མང་དུ་འགྲོ་བཞིན་ཡོད་པ་དང་། མཱི་ཆི་གྷན་མངའ་སྡེ་གཅིག་པུར་ཁ་ཆེ་འབུམ་༡་ལྷག་ཡོད་པས་གཟའ་འཁོར་འདིར་སྲིད་འཛིན་གཞོན་པ་ཀ་མ་ལ་ཧེ་རི་སི་མངའ་སྡེ་དེར་ཆེད་དུ་བསྐྱོད། ཁོང་ལ་ཨ་རིའི་སྤྱི་དམངས་ཁ་ཆེ་ཚོས་འོས་ཤོག་འཕེན་དགོས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཞིང་། མཱི་ཆི་གྷན་མངའ་སྡེ་ནི་ལོ་འདིའི་སྲིད་འཛིན་འོས་བསྡུར་གནད་འགག་ཤིན་ཏུ་ཆེ་བའི་མངའ་སྡེ་དྲུག་ཏུ་གྲགས་པ་དེ་དག་གི་གྲས་སུ་ཚུད།།

ཉེ་ཆར་དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་པ་ལི་སི་ཐན་གྱི་རྒྱབ་སྐྱོར་བ་ཚོར་གཏམ་བཤད་ཀྱི་གོ་སྐབས་མ་བསྐྲུན། པ་ལི་སི་ཐན་གྱི་རྒྱབ་སྐྱོར་བ་ཚོས་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་ཌོ་ནལ་ཊམ་ལ་འོས་ཤོག་འཕེན་མི་སྲིད་མོད། འོན་ཀྱང་ལས་འགུལ་བ་ཁག་ཅིག་གིས་ཀ་མ་ལ་ཧེ་རི་སི་ལའང་འོས་ཤོག་མ་འཕེན། སྲིད་དོན་ཚོགས་པ་གསུམ་པ་ཞིག་གི་འོས་མིར་འོས་ཤོག་ཕོངས་ཞེས་ནན་གྱིས་བསྐུལ། བདུན་ཕྲག་སྔོན་མར་སྲིད་དོན་ཚོགས་པ་གསུམ་པ་དེའི་སྲིད་འཛིན་འོས་མི་རོ་བྷར་ཊི་ཁེ་ནི་ཌི་ཆུང་བ་འོས་བསྡུའི་འགྲན་སྡུར་ཁོངས་ནས་ཕྱི་རུ་འཐེན། དེས་ན་ཨ་རིའི་ཁ་ཆེ་ཚོས་འོས་ཤོག་སུ་ལ་འཕེན་རྒྱུ་ཡིན་མིན་བཤད་དཀའ།།

ན་ནིང་ཕྱི་ཟླ་༡༠་པའི་ཚེས་༧་ཉིན་པ་ལི་སི་ཐན་གྱི་ཧ་མ་སི་ཤོག་ཁག་གི་འཐབ་མོ་བ་ཚོས་གློ་བུར་དུ་ཨི་སི་རལ་ལ་སྐམ་མཚོ་གནམ་གསུམ་ནས་རྒོལ་རྡུང་བྱས་ཏེ་མི་༡༢༠༠་བསད་པ་དང་མི་༢༥༠་བཙན་གྱིས་ཁྲིད། འདས་པའི་ཟླ་བ་༡༠་ལྷག་ལ་ཨི་སི་རལ་གྱིས་གྷ་ཛའི་ཧ་མ་སི་ཤོག་ཁག་ལ་རྒོལ་ལན་བསློགས་ནས་པ་ལི་སི་ཐན་བ་ཁྲི་ཚོ་༤་ལྷག་བསད། གྷ་ཛ་ཐང་གཤོངས་སུ་པ་ལི་སི་ཐན་བ་ས་ཡ་༢་དང་འབུམ་༣་ལྷག་ཡོད་པ་རྣམས་ཀྱིས་དམག་འཁྲུག་གི་དཀའ་སྡུག་ཚབས་ཆེན་མྱངས། ཨ་རིའི་རྒྱལ་ཡོངས་སུ་ཁ་ཆེ་ཚོས་ཨི་སི་རལ་དང་སྲིད་འཛིན་བྷ་ཌན་གྱི་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་རིམ་པ་ཞིག་སྤེལ།།

ཕྱི་ཟླ་༨་པའི་ཚེས་༢༢་ཉིན་ནེའུ་ཡོཀ་ཡིག་ཟམ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་ཐོག་ཏུ་པ་ལི་སི་ཐན་གྱི་རྒྱབ་སྐྱོར་བ་ཚོར་གཏམ་བཤད་བྱེད་དུ་མ་བཅུག་པར་ཁ་ཆེ་ཚོ་ཁོང་ཁྲོས་བརྟས། ཨ་རིའི་ཁ་ཆེ་ཚོས་ཀ་མ་ལ་ཧེ་རི་སི་ལ་རྒྱབ་སྐྱོར་བྱ་རྒྱུ་མིན་པའི་ལངས་ཕྱོགས་བཟུང་ཡོད་པར་འགྱུར་བ་མ་ཐེབས། དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་སྐབས་སུ་ཚོགས་ཁང་ཕྱི་ལོགས་སུ་ངོ་རྒོལ་བྱས་ནས་ཡི་རང་མ་བྱུང་བའི་རྣམ་པ་ཤུགས་ཆེན་བསྟན། ད་ལོའི་འོས་བསྡུའི་སྐབས་སུ་ཁ་ཆེ་ཚོས་འོས་ཤོག་སུ་ལ་འཕེན་རྒྱུ་ཡིན་མིན་ངེས་གཏན་མེད་པའི་གནས་ཚུལ་སྤེལ་འདུག

དམངས་གཙོ་ཚོགས་པའི་རྒྱས་འཛོམས་ཚོགས་ཆེན་སྔོན་དེར་ཁ་ཆེའི་བུད་མེད་ཚོགས་པ་དང་ཀ་མ་ལ་ཧེ་རི་སི་ལ་རྒྱབ་སྐྱོར་བྱེད་མཁན་ཁ་ཆེའི་བུད་མེད་ལྷན་ཚོགས་ཞེས་སྒྲིག་འཛུགས་འགའ་ཞིག་བཙུགས་ཀྱང་ཕྱིས་སུ་ཚོགས་པ་དེ་རྣམས་གཏོར། མཱི་ཆི་གྷན་དང་མི་ཎི་སོ་ཊའི་ཁ་ཆེ་འཐུས་མི་ཚོས་སྔོན་འགྲོའི་འོས་བསྡུའི་སྐབས་སུ་སྲིད་འཛིན་བྷ་ཌན་ལ་རྒྱབ་སྐྱོར་གྱི་འོས་ཤོག་མ་འཕངས། ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་རོན་ཁ་ནས་(Ron Khanna)་དམངས་ཚོགས་པར་ནོར་འཁྲུལ་ཆེན་པོ་བྱུང་སོང་ཞེས་སྐྱོན་བཙུགས། འཇོར་ཇཱི་ཡ་མངའ་སྡེའི་ནང་དུ་འོས་ཤོག་འཕེན་མཁན་ཐོ་འགོད་བྱས་ཡོད་པའི་ཁ་ཆེ་༧༦༠༠༠་དང་ཨ་རབ་པ་༥༥༠༠༠་འདུག་ཅེས་གཞི་གྲངས་སུ་འཁོད། དམངས་གཙོ་ཚོགས་པའི་འོས་མི་དེར་འཇོར་ཇཱི་ཡ་མངའ་སྡེའི་ཁ་ཆེ་ཚོའི་འོས་ཤོག་མ་ཐོབ་པར་འོས་བསྡུའི་རྒྱལ་ཁ་ཐོབ་ཐུབ་རྒྱུ་ཁག་པོ་ཡིན་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG