ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༢༤

སིངྒ་ལའི་དམག་མི་ཟུར་པ་ཚོ་ཨུ་རུ་སུའི་དམག་ལ་ཞུགས་ཏེ་རང་ཡུལ་དུ་མ་ཐར།


༄༅།། ལྷོ་ཨེ་ཤི་ཡའི་རྒྱལ་ཁབ་སིངྒ་ལའི་དམག་མི་ཟུར་པ་བརྒྱ་ཕྲག་འགའ་ཞིག་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་གྱི་དམག་སར་བསྐྱོད། ཁོ་ཚོ་ཁག་ཅིག་གིས་ཨུ་རུ་སུའི་སྤྱི་དམངས་ཀྱི་ཐོབ་ཐང་བླངས་ནས་རང་ཡུལ་དུ་ཕྱིར་ལོག་མ་ཐུབ་པར་ལུས། ཕྱི་ཟླ་༧་པའི་ཚེས་༢་ཉིན་ཉིན་རེའི་མེ་ལོང་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སིངྒ་ལའི་དམག་མི་ཟུར་པ་༤༦༥་ཨུ་རུ་སུའི་དམག་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན། ཁོ་ཚོ་རང་ཡུལ་དུ་ཕྱིར་ལོག་བྱེད་དུ་འཇུག་དགོས་ཞེས་དགོས་འདུན་བཏོན། སིངྒ་ལའི་གཞུང་གིས་རང་གི་དམག་མི་ཟུར་པ་རྣམས་ཡུཀ་རེན་གྱི་དམག་ས་ཁག་ནས་ལེན་ཐབས་བྱེད་ཀྱི་ཡོད་ཀྱང་གླས་དམག་ཁག་ཅིག་ཨུ་རུ་སུའི་སྤྱི་དམངས་ཁོངས་སུ་གྱུར་ཟིན་ཡོད་པས་ཁྲིམས་ཐོག་ཏུ་རྩོད་པ་རྒྱག་ས་མ་རྙེད། ད་ལོའི་ཕྱི་ཟླ་༥་པ་ནས་ཨུ་རུ་སུའི་གཞུང་གིས་སིངྒ་ལའི་དམག་མི་ཟུར་པ་རྣམས་དམག་ཁོངས་སུ་བསྡུས་ནས་ཡུཀ་རེན་ལ་གཏོང་རྒྱུ་མཚམས་བཞག་པ་ཡིན་ཞེས་གསལ་བསྒྲགས་སྤེལ།།

ཉེ་ཆར་ཨུ་རུ་སུར་བཅའ་སྡོད་སིངྒ་ལའི་གཞུང་ཚབ་པ་ཟུར་པ་ས་མན་ཝི་ར་སིང་ཧ་(Dr. Saman Weerashighe)་ཚུད་པའི་སྐུ་ཚབ་ཚོགས་པ་ཞིག་མོ་སི་ཀོར་བསྐྱོད་དེ་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་སིངྒ་ལའི་དམག་མི་ཟུར་པ་རྣམས་རང་ཡུལ་དུ་ཕྱིར་སློག་བྱ་དགོས་ཞེས་གྲོས་མོལ་བྱས་ཀྱང་ཁྲིམས་ཐོག་ཏུ་འགོག་རྐྱེན་ཕྲད། ཨུ་རུ་སུའི་ཁྲིམས་ལུགས་སུ་རྒྱལ་ཁབ་དེའི་སྤྱི་དམངས་ཚོས་རྒྱལ་ཁབ་གཞན་གྱི་སྤྱི་དམངས་ཐོབ་ཐང་ལེན་མི་ཆོག་ཅེས་བཀོད་ཡོད་ཅིང་། དེས་ན་ཨུ་རུ་སུའི་སྤྱི་དམངས་ཁོངས་སུ་ཞུགས་ཟིན་པའི་སིངྒ་ལའི་དམག་མི་ཟུར་པ་ཚོ་ཨུ་རུ་སུའི་སྤྱི་དམངས་ཡིན་པ་ལས་སིངྒ་ལའི་སྤྱི་དམངས་མ་རེད་ཅེས་ལན་བཏབ། ཨུ་རུ་སུའི་གཞུང་གིས་རང་གི་དམག་ཁོངས་སུ་སིངྒ་ལའི་དམག་མི་ཟུར་པ་ཅི་ཙམ་བསྡུས་ཡོད་མེད། ད་ལྟའི་བར་དུ་སིངྒ་དམག་མི་ཟུར་པ་ཅི་ཙམ་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་རྨས་བྱུང་མིན་གྱི་གནས་ཚུལ་ཞིབ་ཕྲ་གཏན་ནས་བཤད་མེད་པའི་གནས་ཚུལ་ཐོན་འདུག

ཨུ་རུ་སུའི་དམག་ཁོངས་སུ་སིངྒ་ལའི་དམག་མི་ཟུར་པ་ཅི་ཙམ་ཡོད་མེད་ཀྱི་གྲངས་ཀ་དེ་གསལ་པོ་ཞིག་རྩོད་གཅོད་ཐུབ་ཀྱི་མེད་མོད། འོན་ཀྱང་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་སིངྒ་ལའི་དམག་མི་ཟུར་པ་༨༠༠་ཡས་མས་ཤིག་ཡུཀ་རེན་གྱི་དམག་ས་ཁག་ཏུ་བཏང་ཡོད་པ་རེད་ཅེས་བཤད་རྒྱུན་ཞིག་གྲགས། ཡུཀ་རེན་གྱི་དམག་ས་ཁག་ཏུ་སིངྒ་ལའི་དམག་མི་ཟུར་པ་༡༧་བསད་པ་དེ་དག་གི་མི་རེར་གྱོང་གསབ་ཨུ་རུ་སུའི་དངུལ་སྒོར་རུ་བྷུལ་ས་ཡ་༡༣་མམ། སིངྒ་ལའི་དངུལ་སྒོར་རུ་པི་ས་ཡ་༤༥.༥་རེ་སྤྲད། ཡུཀ་རེན་གྱི་དམག་ས་ཁག་ཏུ་རྨས་སྐྱོན་ཕོག་པའི་སིངྒ་ལའི་དམག་མི་ཟུར་པ་ཚོར་མི་རེར་གྱོང་གསབ་ཨུ་རུ་སུའི་རུ་བྷུལ་ས་ཡ་༣་རེ་སྟེ། སིངྒ་ལའི་དངུལ་སྒོར་རུ་པི་ས་ཡ་༡༠.༥་རེ་སྤྲོད་རྒྱུའི་ཐག་བཅད། སིངྒ་ལའི་དམག་མི་ཟུར་པ་འདས་པོ་ཚོའི་ཕུང་པོ་ཞུགས་འབུལ་གྱི་མཛད་སྒོར་བཟའ་མི་རྣམས་ཨུ་རུ་སུར་ཡོང་ཆོག་ཅེས་གྲོས་མཐུན་ནང་དུ་འཁོད།།

སིངྒ་ལའི་གཞུང་ཚབ་པ་ཟུར་པ་ཝི་ར་སིང་ཧས་རྨས་སྐྱོན་ཕོག་པ་ཚོར་སྨན་བཅོས་བྱ་དགོས་ན་སྙན་ཞུ་འབུལ་དགོས་པ་དང་ཨུ་རུ་སུའི་དམག་དཔོན་ཚོས་སྙན་ཞུ་དེར་ཞིབ་འཇུག་བྱས་ནས་སྨན་བཅོས་བྱེད་དུ་གཏོང་དགོས་མིན་ཐག་གཅོད་ཀྱི་འདུག ཁོ་ཚོ་དམག་ས་ཁག་ནས་ཕྱིར་སློག་བྱེད་ཀྱི་མི་འདུག སིངྒ་ལའི་དམག་མི་ཟུར་པ་ཚོ་རང་ཡུལ་དུ་ཕྱིར་སློག་བྱེད་ཐུབ་མིན་ནི་ཕྱོགས་གཉིས་གྲོས་མཐུན་འབྱུང་ཐུབ་མིན་ལ་ཐུག་ཡོད་པ་རེད། རང་ཡུལ་དུ་དཔལ་འབྱོར་དཀའ་ངལ་བྱུང་སྟེ་སིངྒ་ལའི་དམག་མི་ཟུར་པ་ཚོ་ཨུ་རུ་སུར་ལས་ཀ་འཚོལ་དུ་ཕྱིན་ནས་དམག་ཁོངས་སུ་ཞུགས་པ་རེད། ཨུ་རུ་སུའི་དམག་ཁོངས་སུ་ཉུང་མཐའ་ཡང་གླས་དམག་༡༠༠༠༠་ལྷག་ཡོད་པས་ཕྱི་རྒྱལ་གྱི་གླས་དམག་རྣམས་དང་སྤྱི་མཚུངས་ལྟར་ཐག་གཅོད་བྱ་དགོས་ཤིང་། ཨུ་རུ་སུའི་གཞུང་གིས་སིངྒ་ལའི་གླས་དམག་དེ་ཚོར་དམིགས་བསལ་སྤྲད་ནས་རང་ཡུལ་དུ་ཕྱིར་སློག་བྱེད་ཐུབ་པ་ཞིག་མ་རེད་ཅེས་གསལ་བཀྲོལ་བྱས་འདུག

ཁ་སྔོན་ཕྱི་ཟླ་༦་པའི་ཚེས་༢༨་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སིངྒ་ལའི་གཞུང་འབྲེལ་མི་ཚོས་ཨུ་རུ་སུའི་གཞུང་ལ་མཉམ་འབྲེལ་བྱས་ནས་སིངྒ་ལའི་དམག་མི་ཟུར་པ་ཅི་ཙམ་ཨུ་རུ་སུའི་དམག་ཁོངས་སུ་བཅུག་ཡོད་མེད། མི་ཅི་ཙམ་བསད་རྨས་བྱུང་ཡོད་མེད་དང་གར་སོང་ཆ་མེད་དུ་གྱུར་པ་རྣམས་འཆི་གསོན་ཅི་ཡིན་རྩད་གཅོད་བྱ་དགོས་པར་མ་ཟད། སིངྒ་ལའི་ཕྱི་སྲིད་བློན་ཆེན་བྷ་ལ་སུ་རི་ཡས་(Tharaka Balasuriya)་ང་ཚོས་ཨུ་རུ་སུའི་གཞུང་འབྲེལ་མི་སྣ་ཚོར་རང་ཡུལ་དུ་ལོག་འདོད་ཡོད་པའི་སིངྒ་ལའི་དམག་མི་ཟུར་པ་རྣམས་ཕྱིར་ལོག་བྱེད་དུ་ཆུགས། སིངྒ་ལའི་དམག་མི་ཟུར་པ་ཚོས་གན་རྒྱ་བཞག་ཡོད་པ་རྣམས་སྔ་ཙམ་མཇུག་བསྡུ་དགོས། ཁོ་ཚོར་རྒྱུན་ལྡན་གྱི་གླ་ཕོགས་སྤྲོད་དགོས་པའི་གྲོས་མོལ་བྱས་པ་ཡིན་ཞེས་ཟེར། ༢༠༢༢་ལོར་སིངྒ་ལའི་དཔལ་འབྱོར་ཉམས་ཆག་ཕྱིན་པའི་རྗེས་སུ་རྒྱལ་ཁབ་དེའི་སྤྱི་དམངས་ཚོ་ཕྱིའི་རྒྱལ་ཁབ་ཁག་ལ་ལས་ཀ་འཚོལ་དུ་བསྐྱོད་དགོས་པར་གྱུར།།

ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་སིངྒ་ལའི་དམག་མི་ཟུར་པ་རྣམས་ཀྱི་ཆུང་མ་ཚོས་ས་གནས་འགོ་ཁྲིད་ཚོར་ཁྱོ་ག་རྣམས་རང་ཡུལ་ལ་ཕྱིར་ལེན་བྱ་དགོས་ཞེས་འབོད་སྐུལ་ཞུས། སིངྒ་ལའི་གཞུང་གིས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་མི་བཅུ་གྲངས་ཤིག་ཡུཀ་རེན་གྱིས་འཛིན་བཟུང་བྱས་ནས་བཙོན་དུ་ཚུད་ཡོད་པ་ངེས་གཏན་བྱུང་། སིངྒ་ལར་མི་འབོར་ས་ཡ་༢༢་ཡོད་པ་དང་༢༠༠༩་བར་དུ་ཏ་མིལ་གྱེན་ལོག་པ་ཚོར་འཐབ་འཁྲུག་བརྒྱབ་ནས་ནང་འཁྲུག་ལངས། སིངྒ་ལའི་ནང་འཁྲུག་མཚམས་ཆད་པའི་རྗེས་སུ་དམག་མི་མང་པོ་དགོས་མཁོ་མེད་པར་གྱུར་ནས་ཁྱིམ་དུ་བསློགས། དེར་བརྟེན་སིངྒ་ལའི་དམག་མི་ཟུར་པ་འབུམ་ཕྲག་མང་པོར་རང་ཡུལ་དུ་ལས་ཀ་མེད་པར་འཚོ་བའི་དཀའ་ངལ་ཕྲད་པ་དང་བཟའ་ཟླ་བུ་ཕྲུག་གསོ་མ་ཐུབ། ཁོ་ཚོ་མང་ཆེ་བ་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ངལ་རྩོམ་རྒྱུག་ཏུ་སོང་།།

ཟླ་བ་སྔོན་མར་སིངྒ་ལའི་གྲོས་ཚོགས་ཀྱིས་ཚོགས་ཆུང་ཞིག་ལོགས་སུ་བཙུགས་ཏེ་དམག་མི་ཟུར་པ་༢༠༠༠་ཡས་མས་ཤིག་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་འཐབ་འཁྲུག་རྒྱག་གི་ཡོད་པའམ། ཡང་ན་ཡུཀ་རེན་གྱི་འཛིན་བཟུང་བྱས་ནས་བཙོན་དུ་ཚུད་ཡོད་མེད་རྩད་གཅོད་བྱ་དགོས་པའི་གྲོས་ཆོད་བཞག ཁ་སྔོན་ཕྱི་ཟླ་༥་པའི་ནང་སུ་ར་ཝི་ར་(Disanayake Mudiyanselage Surweera)་ཞེས་པའི་བུད་མེད་ཅིག་གིས་སིངྒ་ལའི་གཞུང་འབྲེལ་མི་སྣ་ཚོར་ངའི་ཁྱོ་ག་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་ནས་ཡུཀ་རེན་ལ་བཏང་འདུག ཁོ་པ་ཅི་ནས་ཀྱང་སྐྱོབ་ཐབས་བྱོས། སིངྒ་ལའི་སྐྱེས་པ་༨༠༠་ཡས་མས་མགོ་སྐོར་ཐེབས་ནས་ཨུ་རུ་སུའི་དམག་ཁོངས་སུ་ཁྲིད་འདུག་ཅེས་སྙན་ཞུ་ཕུལ། སིངྒ་ལའི་དམག་མི་ཟུར་པ་༡༧་ཡུཀ་རེན་གྱི་དམག་ས་ཁག་ཏུ་བསད་པའི་གསར་འགྱུར་ཐོན་པའི་རྗེས་སུ་རྒྱལ་ཁབ་དེའི་མི་དམངས་དང་གསར་འགྱུར་ལས་ཁུངས་ཁག་གིས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་དམག་མི་ཟུར་པ་ཚོའི་བདེ་སྡུག་གླེང་མགོ་བརྩམས།།

ཡེ་ཤུ་གནམ་བདག་ཆོས་ལུགས་མཉམ་འབྲེལ་ཨེ་ཤི་ཡའི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། སིངྒ་ལའི་བུད་མེད་སུ་ར་ཝི་ར་དང་ཁྱོ་ག་ར་ནིལ་གཉིས་ལ་ཕྲུ་གུ་༣་འདུག ལོ་གཉིས་ཀྱི་སྔོན་དེར་སིངྒ་ལའི་དཔལ་འབྱོར་ཉམས་རྒུད་ཕྱིན་ནས་ཁྱིམ་ཚང་དེར་འཚོ་བའི་དཀའ་ངལ་ཕྲད། ར་ནིལ་བྱ་ཐབས་ཟད་ནས་ཨུ་རུ་སུར་ལས་ཀ་འཚོལ་དུ་འགྲོ་རྒྱུའི་གན་རྒྱ་ཞིག་ལ་མིང་རྟགས་བཀོད། ར་ནིལ་སོགས་ཨུ་རུ་སུའི་དམག་ཁོངས་སུ་ཞུགས་པའི་སིངྒ་ལའི་དམག་མི་ཟུར་པ་མང་ཆེ་བས་ས་ཞིང་དང་ཁང་པ་གཏའ་མར་བཞག་སྟེ་བུ་ལོན་བླངས། ཁོ་ཚོས་ཨུ་རུ་སུར་མི་ཁྲིད་ནས་ནག་ཚོང་རྒྱག་མཁན་ཚོར་ཨ་སྒོར་༦༥༠༠་ལྷག་གླ་སྤྲད་ནས་ལས་ཀ་འཚོལ་དུ་ཁྲིད་བཅུག་པ་རེད། ལས་ཀའི་གན་རྒྱའི་ནང་དུ་སིངྒ་ལའི་དམག་མི་ཟུར་པ་རྣམས་ཡུཀ་རེན་ལ་དམག་འཁྲུག་ཞུགས་དགོས་ཞེས་གསལ་པོར་བྲིས་མེད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG