ངོ་འཕྲད་བདེ་བའི་དྲ་འབྲེལ།

 
ཨ་རིའི་སྲི་ཞུ་བ་ལས་མེད་དུ་བཏང་བ་ཚོས་དགྲ་ལ་གསང་བ་བརྟོལ་སྲིད།
གཟའ་ཕུར་བུ། ༢༠༢༥/༠༤/༡༠

ཨ་རིའི་སྲི་ཞུ་བ་ལས་མེད་དུ་བཏང་བ་ཚོས་དགྲ་ལ་གསང་བ་བརྟོལ་སྲིད།


ཨ་རིའི་དབུས་གཞུང་གི་ལས་བྱེད་པའི་ངོ་རྒོལ་ལས་འགུལ།
ཨ་རིའི་དབུས་གཞུང་གི་ལས་བྱེད་པའི་ངོ་རྒོལ་ལས་འགུལ།

༄༅།། སྲིད་འཛིན་ཊམ་གྱིས་དབུས་གཞུང་གི་སྲི་ཞུ་བ་ལས་མེད་དུ་བཏང་རྣམས་རྒྱ་ནག་དང་ར་ཤི་ཡ་སོགས་ཀྱི་གསང་བའི་ལས་ཁུངས་ཁག་གིས་བསྡུས་ནས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་ཤེསཐབས་བྱ་རྒྱུའི་ཉེན་ཁ་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༣་པའི་ཚེས་༢་ཉིན་སི་ཨེན་ཨེན་གསར་ཁང་གིས་གནས་ཚུལ་སྤེལ་བ་བ་ལྟར་ན། ཌོ་ནལ་ཊམ་གྱིས་དབུས་གཞུང་གི་ལས་བྱེད་པ་སྟོང་ཕྲག་མང་པོ་ཕྱིར་ཕུད་བྱ་རྒྱུ་འགོ་བཙུགས་ནས་བཟུང་། ཨ་མི་རི་ཀའི་བདེ་འཇགས་ལ་འབྲེལ་བ་ཡོད་པ་དང་རྒྱལ་ཁབ་ཀྱི་གསང་བའི་གནས་ཚུལ་གནད་འགག་ཅན་རྣམས་ཤེས་མཁན་ཚོ་ཡང་ཕྱིར་ཕུད་བྱས་ཡོད་པ་ཤེས་རྟོགས་བྱུང་སྟེ་དེ་དག་བསྐྱར་དུ་རང་གི་ལས་གནས་སུ་གླ་ཐབས་བྱ་དགོས་པར་གྱུར། རྒྱ་ནག་དང་ར་ཤི་ཡ་ལྟ་བུའི་ཁ་གཏད་རྒྱལ་ཁབ་ཁག་གིས་སྲིད་འཛིན་ཊམ་ནས་ལས་མེད་དུ་བཏང་སྟེ་ཁོང་ཁྲོ་ལངས་ཡོད་པའི་ཨ་རིའི་དབུས་གཞུང་གི་ལས་བྱེད་པ་རྣམས་བསྡུ་ཐབས་བྱ་རྒྱུའི་ཉེན་ཁ་ཆེ་རུ་སོང་།།

མིང་འདོན་མ་བྱས་པའི་མི་འགའ་ཞིག་གིས་སི་ཨེན་ཨེན་གསར་ཁང་ལ་བཤད་པ་ལྟར་ན། ཕྱི་རྒྱལ་གྱི་གསང་བའི་ལས་ཁུངས་ཁག་གིས་དྲྭ་ཚིགས་དང་ངོ་དེབ་སོགས་སྤྱི་ཚོགས་དྲྭ་ལམ་ཁག་བརྒྱུད་ནས་ཨ་རིའི་སྲི་ཞུ་བ་ལས་མེད་དུ་བཏང་བ་རྣམས་དང་ཚོད་ལྟའི་གནས་སྐབས་སུ་ཕྱིར་ཕུད་བྱས་པ་ཚོར་འབྲེལ་བ་བཙུགས། ཨ་རིའི་སྲི་ཞུ་བ་དེ་རྣམས་ཌོ་ནལ་ཊམ་གྱི་གཞུང་ལ་ཁོང་ཁྲོ་ལངས་ཡོད་པའི་གོ་སྐབས་བཟུང་ནས་ཨ་མི་རི་ཀའི་དབུས་གཞུང་གི་ལས་ཁུངས་ཁག་གི་འགྲོ་སྟངས་དང་ལས་དོན་སྒྲུབ་ཕྱོགས་རྣམས་ཤེས་ཐབས་བྱེད་ཀྱི་འདུག ཕྱི་རྒྱལ་གྱི་གསང་བའི་ལས་ཁུངས་ཁག་གིས་ཌོ་ནལ་ཊམ་ནས་ཕྱིར་ཕུད་པའི་དབུས་གཞུང་སྲི་ཞུ་བ་དེ་རྣམས་སུ་སུ་ཡིན་མིན་བདེ་བླག་ཏུ་རྩད་གཅོད་ཐུབ་ཅིང་། ཨ་རིའི་གཞུང་གི་ལས་ཁུངས་ཁག་གི་འགྲོ་སྟངས་དང་ལས་དོན་སྒྲུབ་ཕྱོགས་རྣམས་ཕྱི་རྒྱལ་གྱི་གསང་བའི་ལས་ཁུངས་ཁག་གིས་ཤེས་རྟོགས་བྱུང་ན་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་འཐུས་ཤོར་ཆེན་པོ་རེད་ཅེས་བསྟན།།

ཨེ་ལཱོན་མ་སི་ཀས་དབུས་གཞུང་གི་ལས་བྱེད་པ་ཉུང་འཕྲི་བྱ་དགོས་ཞེས་སོག་ལེ་བསྟན།
ཨེ་ལཱོན་མ་སི་ཀས་དབུས་གཞུང་གི་ལས་བྱེད་པ་ཉུང་འཕྲི་བྱ་དགོས་ཞེས་སོག་ལེ་བསྟན།

ཨ་རིའི་མཚོ་དམག་གི་ཉེས་དོན་ཞིབ་འཇུག་ཁང་གི་ཡིག་ཆ་ཁག་ཏུ་ཌོ་ནལ་ཊམ་གྱིས་དབུས་གཞུང་གི་སྲི་ཞུ་བ་ཚོ་ལས་མེད་དུ་གཏོང་གི་ཡོད་པར་ཕྱི་རྒྱལ་གྱི་ཁ་གཏད་རྒྱལ་ཁབ་ཁག་གིས་གོ་སྐབས་དམ་འཛིན་བྱས་ནས་བསྡུ་རྒྱུ་ཡིན་པ་བརྗོད་ཅི་དགོས་ཞེས་འཁོད། མཚོ་དམག་གི་ཉེས་དོན་ཞིབ་འཇུག་ཁང་གི་མགྲིན་ཚབ་པ་ཞིག་གིས་ཧྥོར་ཅུན་དུས་དེབ་ཀྱི་གསར་འགོད་པར་མཚོ་དམག་དང་མི་མང་དཀྱུས་མ་སུ་ཞིག་ཡིན་རུང་གསང་བའི་གནས་ཚུལ་ལྟ་ཀློག་བྱེད་ཆོག་པའི་སྲི་ཞུ་བ་ཚོ་ཕྱི་རྒྱལ་གྱི་གསང་བའི་ལས་ཁུངས་ཁག་གིས་དམིགས་འབེན་དུ་འཛིན་རྒྱུ་ཆོས་ཉིད་རེད། ང་ཚོས་གཞུང་གི་བཀའ་འཁྲོལ་མེད་པར་གསང་བའི་གནས་ཚུལ་ཕྱི་ལ་སྒྲོགས་མཁན་ཚོར་ཞིབ་འཇུག་བྱེད་ཀྱི་ཡོད་ཅེས་ནང་མོལ་བྱས་འདུག སི་ཨེན་ཨེན་གསར་ཁང་གིས་ཕོ་བྲང་དཀར་པོ་དང་དབུས་གསང་བའི་ལས་ཁུངས། རྒྱ་ནག་དང་ར་ཤི་ཡའི་གཞུང་ཚབ་ཁང་ལ་གནད་དོན་དེའི་སྐོར་འདྲི་རྩད་བྱས་ཀྱང་ལན་འདེབས་མ་བྱུང་།།

ཨེ་ལཱོན་མ་སི་ཀིས་འགོ་ཁྲིད་པའི་སྲིད་གཞུང་འཐུས་ཚང་ལྷན་ཁང་གིས་ལས་བྱེད་པ་སྟོང་ཕྲག་མང་པོ་ལས་གནས་ནས་ཕྱུང་། དཔེར་ན་ཨ་རིའི་ནུས་ཤུགས་ལྷན་ཁང་གི་རྒྱལ་ཡོངས་རྡུལ་ཕྲན་བདེ་འཇགས་ལས་ཁུངས་ཀྱི་སྲི་ཞུ་བ་ལས་མེད་དུ་བཏང་བ་དེ་དག་གི་གྲས་སུ་རྡུལ་ཕྲན་མཚོན་ཆ་བདག་གཉེར་བྱེད་མཁན་ཚོ་ཡོད་པར་མ་ཟད། ཁོ་ཚོ་རྒྱ་ནག་དང་ར་ཤི་ཡ་སོགས་ཀྱི་གསང་བའི་ལས་ཁུངས་ཁག་གིས་བསྡུས་ན་ཨ་རིའི་རྡུལ་འཕྲིན་མཚོན་ཆ་བདག་གཉེར་བྱེད་སྟངས་ཀྱི་གསང་བའི་གནས་ཚུལ་ཕྱི་ལ་ཤོར་བ་མིན་ནམ། ཨ་རིའི་གཞུང་གིས་འཕྲལ་དུ་ཉེན་ཁ་དེ་ངོས་ཟིན་ནས་ལས་བྱེད་པ་དེ་རྣམས་ཕྱིར་འགུགས་བྱས་ཀྱང་མི་ཁག་ཅིག་གཏན་ནས་རྙེད་ཀྱི་མེད་པའི་གནས་ཚུལ་ཐོན་འདུག སྲིད་འཛིན་ཟུར་པ་བྷ་ཌན་གྱི་རྒྱལ་ཡོངས་རྡུལ་ཕྲན་མཚོན་སྲུང་སྐྱོབ་ཁང་གི་འགན་འཛིན་ཇཱིལ་ཧ་རུ་བྷིས་(Jill Hruby)་ལས་བྱེད་པ་ཉམས་མྱོང་ཅན་ཚོ་བསྐྲད་ན་ལོ་མང་རིང་སྲིད་གཞུང་ལ་དཀའ་ངལ་འཕྲད་ཀྱི་རེད་ཅེས་བཀྲལ།།

ཇཱིལ་ཧ་རུ་བྷི།
ཇཱིལ་ཧ་རུ་བྷི།

ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ལས་བྱེད་པ་༥༤༠༠་ཉུང་དུ་གཏང་རྒྱུ་དང་དབུས་གསང་བའི་ལས་ཁུངས་ཀྱིས་ལས་བྱེད་པའི་གྲངས་ཚད་ཕྱིར་བསྒྲགས་མ་བྱས་པ་ཞིག་ཉུང་དུ་གཏང་འཆར་འདུག དེ་ནི་འདས་པའི་ལོ་༥༠་རིང་དབུས་གསང་བའི་ལས་ཁུངས་ཀྱིས་ལས་བྱེད་པ་ཉུང་འཕྲི་བྱས་མྱོང་མེད་པ་ཞིག་རེད་ཅེས་གསར་འགྱུར་ཐོན། སྲིད་འཛིན་ཊམ་གྱིས་རྒྱལ་སྲུང་ལྷན་ཁང་གི་དངུལ་རྩིས་ཁོངས་ནས་ཨ་སྒོར་དུང་ཕྱུར་མང་པོ་ཆུད་ཟོས་སུ་གཏོང་གི་འདུག་ཅེས་ཐོ་ཞིག་བཏོན། བདུན་ཕྲག་གཅིག་གི་རྗེས་སུ་རྒྱལ་སྲུང་དྲུང་ཆེ་ཧེག་སེ་ཐེས་༢༠༢༦་ལོར་རྒྱལ་སྲུང་ལྷན་ཁང་གི་དངུལ་རྩིས་ཁོངས་ནས་ཨ་སྒོར་དུང་ཕྱུར་༥༠༠་གཅོག་ས་འཚོལ་བའམ། ཡང་ན་རྒྱལ་སྲུང་ལྷན་ཁང་གི་འགྲོ་གྲོན་བརྒྱ་ཆ་༨་གཅོག་དགོས་ཞེས་བཀའ་ཕབ། གལ་སྲིད་ཨ་རིའི་རྒྱལ་སྲུང་ལྷན་ཁང་དང་དབུས་གསང་བའི་ལས་ཁུངས་ཀྱི་འགྲོ་གྲོན་བཅག་ནས་ལས་བྱེད་པ་ཉུང་དུ་བཏང་ན་དམག་གི་སྟོབས་ཤུགས་དང་འཛམ་གླིང་ཡུལ་གྲུ་གང་ས་ནས་གསང་བའི་གནས་ཚུལ་བསྡུ་རུབ་ཀྱི་ནུས་པ་ཉམས་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ།།

སྲིད་འཛིན་ཊམ་གྱིས་གཞུང་གི་ལས་བྱེད་པ་ཉུང་དུ་གཏོང་གི་ཡོད་པ་ཁོ་ན་མིན་པར་ཨ་རིའི་མཐུན་གྲོགས་རྙིང་པ་ཚོར་རྒྱང་བཀྱེད། ར་ཤི་ཡའི་སྲིད་འཛིན་ཕུ་ཊིན་ལ་འབྲེལ་བ་ཡག་ཏུ་གཏོང་ཐབས་སུ་འབད་ནས་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བར་འགལ་ཟླ་བསླངས། ཌོ་ནལ་ཊམ་གྱིས་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་གནོན་ཤུགས་སྤྲོད་རྒྱུའི་ཚབ་ཏུ་མཐུན་གྲོགས་རྒྱལ་ཁབ་ཁག་གི་ཐོག་ཏུ་ངར་ལངས། ཨ་རིས་ཁེ་ན་ཌ་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་རྒྱུ་ཡིན་ཞེས་སྡིགས་ར་བསྐུལ། ཁེ་ན་ཌ་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀའི་དངོས་ཟོག་ལ་སྒོ་ཁྲལ་སྤར་ནས་ལན་པ་སློག་རྒྱུ་ཡིན་ཞེས་བསྒྲགས། དེས་ན་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་མ་ཐུབ་པར་རྒྱ་ནག་སོགས་ལ་སྐབས་བཟང་པོ་ཞིག་ཐོབ། ཌོ་ནལ་ཊམ་གྱིས་ཨ་རི་དང་མཐུན་གྲོགས་རྒྱལ་ཁབ་ཁག་གི་འབྲེལ་བ་ཅི་ཙམ་སྡུག་ཏུ་བཏང་ན་རྒྱ་ནག་དང་ར་ཤི་ཡ་སོགས་ཁ་གཏད་རྒྱལ་ཁབ་ཁག་ལ་དེ་བས་ཀྱང་ཁེ་ཕན་ཆེ་བ་འཐོབ་རྒྱུ་ཡིན་འདུག

རྒྱལ་སྲུང་དྲུང་ཆེ་ཧེག་སེ་ཐེ།
རྒྱལ་སྲུང་དྲུང་ཆེ་ཧེག་སེ་ཐེ།

ཕྱི་ཟླ་༣་པའི་ཚེས་༢་ཉིན་སི་ཨེན་བི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གཟའ་པ་སངས་ཉིན་ཨེབ་ཀོར་ཞིབ་འཇུག་ཁང་གི་གཙོ་འཛིན་གཞོན་པ་ཀ་རི་ཤི་ན་གུ་ཧས་(Krishna Guha)་སྲིད་འཛིན་ཊམ་གྱི་མཐུན་གྲོགས་རྙིང་པ་ཚོར་སྡང་ཟུག་བྱས་ནས་རྒྱ་ནག་ལ་གོ་སྐབས་བཟང་པོ་ཞིག་སྤྲོད་ཀྱི་འདུག ཌོ་ནལ་ཊམ་གྱི་ལས་དུས་གཉིས་པ་འགོ་མ་བཙུགས་གོང་དུ་ཨ་མི་རི་ཀས་ཁེ་ན་ཌ་དང་ཡུ་རོབ། ཨེ་ཤི་ཡའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་སྣེ་ཁྲིད་ནས་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་འཛིན་ས་རེད་ཅེས་པེ་ཅིང་གི་དབང་འཛིན་པ་ཚོ་སྐྲག་པ་རེད། ལྷག་པར་དུ་ཨ་མི་རི་ཀས་མཐུན་གྲོགས་རྒྱལ་ཁབ་ཁག་ལ་རྒྱ་ནག་གི་དངོས་ཟོག་ལ་སྒོ་ཁྲལ་སྤར་དགོས། རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་བཙོང་མི་ཆོག་ཅེས་གཅིག་གྱུར་གྱི་སྲིད་ཇུས་ཤིག་ལག་ལེན་བསྟར་ངེས་རེད་བསམས་མོད། འོན་ཀྱང་ཌོ་ནལ་ཊམ་གྱིས་སྲིད་དབང་བཟུང་ནས་ཟླ་བ་གཅིག་དང་ཕྱེད་ཀའི་ནང་དུ་ཁེ་ན་ཌ་དང་ཡུ་རོབ་མཉམ་འབྲེལ་གཉིས་དགྲ་རུ་བཟུང་སྟེ་རྒྱ་ནག་ལ་གོ་སྐབས་སྤྲད་པ་རེད་ཅེས་བཤད།།

ཨེབ་ཀོར་ཞིབ་འཇུག་ཁང་གི་གཙོ་འཛིན་གཞོན་པ་ཀ་རི་ཤི་ན་གུ་ཧས་མུ་མཐུད་དུ་བཤད་པ་ལྟར་ན། ཨ་རི་དང་ཡུ་རོབ་གཉིས་ཀྱི་ཕན་ཚུན་སྒོ་ཁྲལ་སྤར་རེས་བྱས་ནས་ཚོང་དམག་ལངས་ཀྱང་ཨ་རི་སྟོབས་ཤུགས་ཆེ་བ་འདུག ཨ་རི་དང་ཡུ་རོབ་ཀྱི་ཚོང་དམག་ཆེན་པོ་ཞིག་ལངས་ན་ཕྱོགས་གཉིས་ཀར་གྱོང་གུད་འཕོག་རྒྱུ་ལྡོག་ཏུ་མེད། ཨ་རིའི་དཔལ་འབྱོར་ནི་རྒྱལ་ནང་གི་དགོས་མཁོའི་སྟོབས་ཤུགས་ལ་བརྟེན་ནས་འཕེལ་རྒྱས་འགྲོ་བཞིན་ཡོད་ཀྱང་ཡུ་རོབ་ཀྱི་དཔལ་འབྱོར་ནི་ཕྱིར་ཚོང་ལ་བརྟེན་འདུག ཨ་རི་སྟོབས་ཤུགས་ཆེ་ཡང་ཡུ་རོབ་མཉམ་འབྲེལ་གྱི་ཁྲོམ་ར་ཆེན་པོ་རེད། ཡུ་རོབ་མཉམ་འབྲེལ་ནི་ཨ་མི་རི་ཀར་ལན་པ་སློག་མི་ཐུབ་པའི་ནུས་མེད་ཅིག་ག་ལ་ཡིན། ང་ཚོས་ཚོང་དམག་ལ་གཡོལ་ཐུབ་པའི་རེ་བ་འཆང་དགོས། ཚོང་དམག་ནི་སུ་གཅིག་ལ་ཕན་ཐོགས་ཡོད་པ་ཞིག་མ་རེད་ཅེས་འབོད་སྐུལ་ཞུས། ཡུ་རོབ་མཉམ་འབྲེལ་གྱིས་ཨ་མི་རི་ཀར་ལན་པ་ཚུལ་བཞིན་སློག་ངེས་ཡིན་ཞེས་གསལ་བསྒྲགས་སྤེལ་འདུག

གླེང་སྟེགས།

XS
SM
MD
LG