ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

འབྲུག་ཡུལ་དང་རྒྱ་ནག་གི་གྲོས་མོལ་གྱིས་མངའ་ཁུལ་དེར་ཤུགས་རྐྱེན་ཐེབས་རྒྱུ།


༄༅།། གཟའ་འཁོར་སྔོན་མར་འབྲུག་ཡུལ་དང་རྒྱ་ནག་གི་སྐུ་ཚབ་ཚོས་པེ་ཅིང་དུ་འབྲུག་བོད་ས་མཚམས་ཀྱི་རྩོད་གཞི་སེལ་ཐབས་དང་ཕྱི་འབྲེལ་འཛུགས་རྒྱུའི་གྲོས་མོལ་བྱས། རྒྱ་གར་གྱིས་འབྲུག་གཞུང་དང་རྒྱ་ནག་གི་གྲོས་མོལ་དེའི་ནང་དོན་ཞིབ་གསལ་ཞིག་ཤེས་རྟོགས་མ་ཐུབ་པར་བློ་འཚབ་དང་མངའ་ཁུལ་དེར་སྟོབས་ཤུགས་ཆ་མཉམ་ཡོད་པར་འགྱུར་བ་ཐེབས་སྲིད་པའི་བློ་དོགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༡༠་པའི་ཚེས་༢༩་ཉིན་ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་སྐམ་ས་ཆེན་མོའི་ཉམས་ཞིབ་པ་ཚོས་རྒྱ་ནག་གིས་འབྲུག་ཡུལ་ལ་གྲོས་མོལ་བྱས་ནས་ས་མཚམས་ཀྱི་རྩོད་གཞི་ཁག་ཐག་གཅོད་བྱ་རྒྱུ་དང་ཕྱི་འབྲེལ་འཛུགས་རྒྱུའི་གྲོས་མོལ་བྱས་པ་ནི་འབྲུག་ཡུལ་རྒྱ་གར་གྱི་ཤུགས་རྐྱེན་འོག་ནས་ཐར་ཐབས་སུ་འགག་སྒྲོལ་ཆེན་པོ་ཞིག་བྱུང་བ་རེད་ཅེས་བསྔགས་བརྗོད་ཞུས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་སུན་ཝེ་ཏུང་དང་འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེ་གཉིས་ཀྱིས་སྤེལ་བའི་ཐུན་མོང་གི་གསར་འགོད་གསལ་བསྒྲགས་སུ་གྲོས་མོལ་དེ་མཛའ་མཐུན་དང་སྤྲོ་སེམས་རབ་ཏུ་ཁོལ་བའི་ཁོར་ཡུག་ཅིག་ཏུ་བྱུང་སོང་ཞེས་འཁོད།།

རྒྱ་ནག་གི་སྲིད་འཛིན་གཞོན་པ་ཧན་ཀྲེང་
རྒྱ་ནག་གི་སྲིད་འཛིན་གཞོན་པ་ཧན་ཀྲེང་

རྒྱ་ནག་གི་སྲིད་འཛིན་གཞོན་པ་ཧན་ཀྲེང་དང་ཕྱི་སྲིད་བློན་ཆེན་པ་ཝང་དབྱི་གཉིས་ཀྱིས་ཀྱང་འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་ལ་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱི་ས་མཚམས་རྩོད་གཞི་ཁག་ཐག་གཅོད་བྱ་དགོས། འབྲུག་གཞུང་གིས་རྒྱ་ནག་ལ་ཕྱི་འབྲེལ་འཛུགས་དགོས་ཞེས་ནན་གྱིས་བསྐུལ། འབྲུག་ཡུལ་ནི་རྒྱ་གར་གྱི་མཐུན་གྲོགས་རྒྱལ་ཁབ་ཅིག་དང་རྒྱ་ནག་ཚུད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གི་གཏན་འཇགས་ཚོགས་འཐུས་རྒྱལ་ཁབ་ལྔའི་གཅིག་ལའང་ཕྱི་འབྲེལ་བཙུགས་མེད་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། སྲིད་འཛིན་གཞོན་པ་ཧན་ཀྲེང་གིས་རྒྱ་ནག་དང་འབྲུག་ཡུལ་གཉིས་རི་ཀླུང་གིས་སྦྲེལ་ཡོད། ཉེ་བའི་ལོ་ཤས་ཤིག་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་ཡར་རྒྱས་ཕྱིན་པ་དགའ་འོས་པ་ཞིག་རེད་ཅེས་བཤད། ཞིན་ཧྭ་གསར་འགྱུར་ལས་ཁང་གིས་འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེས་རྒྱ་ནག་གཅིག་གི་རྩ་དོན་ལ་རྒྱབ་སྐྱོར་དང་ཕྱོགས་གཉིས་ཀས་ས་མཚམས་ཀྱི་རྩོད་གཞི་ཁག་ལྷག་བསམ་རྣམ་དག་གིས་སེལ་འདོད་ཡོད། པེ་ཅིང་དང་ཐིམ་ཕུག་གཉིས་ཀྱིས་ཕྱི་འབྲེལ་བཙུགས་ཏེ་རྒྱ་ནག་ལ་མཉམ་འབྲེལ་དམ་ཟབ་བྱ་རྒྱུའི་ཆོད་སེམས་བརྟན་པོ་བཙུགས་ཡོད་ཅེས་བཤད་པ་རེད་ཟེར་བའི་གནས་ཚུལ་སྤེལ་འདུག

༡༩༨༤་ནས་འབྲུག་ཡུལ་དང་རྒྱ་ནག་གིས་ཐད་ཀར་གྲོས་མོལ་བྱ་རྒྱུ་མགོ་བརྩམས། འབྲུག་ཡུལ་དང་རྒྱ་ནག་གི་གྲོས་མོལ་གྱི་འགག་རྩ་ནི་བོད་དང་འབྲས་ལྗོངས། འབྲུག་ཡུལ་གསུམ་འདྲེས་མཚམས་སུ་ཆགས་པའི་འབྲོག་ལམ་ལ་ཐུག་ཡོད་ཅིང་། ༢༠༡༧་ལོར་རྒྱ་དཀར་ནག་གི་དམག་དཔུང་རྣམས་འབྲོག་ལམ་ས་ཁུལ་དུ་བཀྲམ་ནས་ཉི་མ་༧༣་ལ་དམག་འཁྲུག་རྒྱག་རྒྱུའི་གྲབས་བཤམས། སྲིད་དོན་ཉམས་ཞིབ་པ་ཚོས་པེ་ཅིང་གི་གྲོས་མོལ་སྐབས་སུ་ས་མཚམས་ཀྱི་གྲོས་མོལ་དང་ཕྱི་འབྲེལ་འཛུགས་རྒྱུའི་གྲོས་མོལ་གཉིས་ཡར་རྒྱས་ཕྱིན་འདུག རྒྱ་ནག་གིས་འབྲུག་ཡུལ་ལ་འབྲེལ་བ་ཡར་རྒྱས་གཏོང་ཐུབ་ཀྱི་ཡོད་པ་ནི་རྒྱ་གར་གྱི་ཤུགས་རྐྱེན་ཁྱབ་ཡུལ་ལྷོ་ཨེ་ཤི་ཡར་རྒྱ་ནག་འཛུལ་ཐུབ་ཀྱི་ཡོད་པའི་རྟགས་མཚན་རེད། དེར་བརྟེན་ལྷོ་ཨེ་ཤི་ཡའི་ས་ཁམས་ཆབ་སྲིད་དང་རྒྱལ་སྤྱིའི་ལམ་ལུགས་ལ་ཤུགས་རྐྱེན་ཐེབས་སྲིད། འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྒྱ་ནག་ལ་འཚམས་འདྲིར་བསྐྱོད་པ་དེས་འབྲུག་ཡུལ་གྱི་ཕྱི་སྲིད་ལ་འགྱུར་བ་ཐེབས་ཀྱི་ཡོད་པ་མཚོན་ཐུབ་ཅེས་བསྟན།།

ཨ་རིའི་ཀོ་ལིམ་བྷི་ཡ་སློབ་གྲྭ་ཆེབ་མོའི་དེང་རབས་བོད་ཀྱི་ཞིབ་འཇུག་ཁང་རྩ་འཛུགས་པ་དང་འགན་འཛིན་ཟུར་པ་རོ་བྷར་ཊི་བྷར་ནེ་ཊིས་
ཨ་རིའི་ཀོ་ལིམ་བྷི་ཡ་སློབ་གྲྭ་ཆེབ་མོའི་དེང་རབས་བོད་ཀྱི་ཞིབ་འཇུག་ཁང་རྩ་འཛུགས་པ་དང་འགན་འཛིན་ཟུར་པ་རོ་བྷར་ཊི་བྷར་ནེ་ཊིས་

ཨ་རིའི་ཀོ་ལིམ་བྷི་ཡ་སློབ་གྲྭ་ཆེབ་མོའི་དེང་རབས་བོད་ཀྱི་ཞིབ་འཇུག་ཁང་རྩ་འཛུགས་པ་དང་འགན་འཛིན་ཟུར་པ་རོ་བྷར་ཊི་བྷར་ནེ་ཊིས་རྒྱ་ནག་གི་དགོས་མཁོ་གཙོ་བོ་ནི་འབྲུག་ཡུལ་གྱི་རྒྱལ་ས་ཐིམ་ཕུག་ཏུ་གཞུང་ཚབ་ཁང་འཛུགས་རྒྱུ་དེ་རེད། རྒྱ་ནག་གི་གཞུང་ཚབ་ཁང་ཚུགས་པའི་རྗེས་སུ་ལྷོ་ཨེ་ཤི་ཡར་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུ་ཟློག་ཐབས་བྲལ། ཉེ་ཆར་གྱི་གྲོས་མོལ་དེའི་རྒྱུད་རིམ་ཁག་ལ་བལྟས་ན་འབྲུག་གཞུང་གིས་རྒྱ་ནག་ལ་གཞུང་ཚབ་ཁང་འཛུགས་ཆོག་པའི་མོས་མཐུན་བྱས་ཡོད་པའི་རྣམ་པ་གསལ་པོ་མངོན། འདས་པའི་ལོ་མང་རིང་འབྲུག་གཞུང་གིས་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་ལ་ཕྱི་འབྲེལ་བཙུགས་ནས་ས་ཁམས་ཆབ་སྲིད་དང་ཕྱི་འབྲེལ་སོགས་ཀྱི་འཐབ་རྩོད་ནང་དུ་ཚུད་སྲིད་པར་གཡོལ་ཐབས་བྱས་པའི་སྲིད་ཇུས་དེར་འགྱུར་བ་གཏོང་རྒྱུའི་བརྡ་ཞིག་བཏང་བར་སྣང་། རྒྱ་ནག་ལ་གཞུང་ཚབ་ཁང་འཛུགས་ཆོག་པའི་འཁྲོལ་ཆ་སྤྲད་ན་ཨ་རི་དང་ཨུ་རུ་སུ། དབྱིན་ཇི་དང་ཧྥ་རན་སི་༤་ལའང་གཞུང་ཚབ་ཁང་འཛུགས་རྒྱུའི་ཆོག་མཆན་སྤྲོད་དགོས་ངེས་རེད། རྒྱ་ནག་གི་གཞུང་ཚབ་ཁང་འཛུགས་རྒྱུར་རྒྱ་གར་གྱིས་ནམ་ཡང་མོས་མཐུན་དང་རྒྱབ་སྐྱོར་བྱེད་མི་སྲིད་ཅེས་བཤད་འདུག

ཧོང་ཀོང་གི་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ཟླ་༡༠་པའི་འགོ་སྟོད་དེར་འབྲུག་ཡུལ་གྱི་སྲིད་བློན་བློ་གྲོས་ཚེ་རིང་གིས་ཧིན་རྡུ་ཚགས་པར་གྱི་གསར་འགོད་པར་གནས་ལུགས་ཀྱི་ཆ་ནས་བཤད་ན་འབྲུག་གཞུང་གིས་རྒྱ་ནག་ལ་ཕྱི་འབྲེལ་མ་བཙུགས་པར་གནས་ཐབས་མེད། དེ་ནི་ཕྱི་འབྲེལ་ནམ་འཛུགས་རྒྱུ་ཡིན་མིན་དང་ཚུལ་ཇི་ལྟར་འཛུགས་རྒྱུ་ཡིན་མིན་གྱི་གནད་དོན་ཞིག་རེད། འབྲུག་ཡུལ་དང་རྒྱ་ནག་གཉིས་ཀས་ས་མཚམས་ཀྱི་རྩོད་གཞི་ཁག་ཐག་གཅོད་བྱེད་པའི་གོམ་སྟབས་གསུམ་གྱི་ལམ་སྟོན་གྲོས་མཐུན་ལག་ལེན་བསྟར་ཚར་གྲབས་ཡོད། ལམ་སྟོན་གྲོས་མཐུན་ནང་དུ་སྔོན་ལ་གྲོས་ཅོག་སྟེང་དུ་ས་མཚམས་དབྱེ་འབྱེད་ཀྱི་གྲོས་མཐུན་བཞག དེ་ནས་ས་གནས་ས་ཐོག་ཏུ་ཕྱིན་ཏེ་ས་མཚམས་དབྱེ་བ་ཇི་ལྟར་འབྱེད་དགོས་མིན་ལ་བལྟས། མཐར་ས་མཚམས་དབྱེ་འབྱེད་གསལ་པོ་བྱས་ནས་གྲོས་མཐུན་འཇོག་དགོས། དེང་སྐབས་འབྲུག་ཡུལ་གྱི་དབང་བསྒྱུར་འོག་ཏུ་ཡོད་པའི་འབྲོག་ལམ་ཚུད་པའི་ས་ཆ་ཁག་ཅིག་ཕན་ཚུན་སྤྲོད་ལེན་བྱ་རྒྱུའི་གྲོས་གཞི་འདོན་སྲིད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ།།

ཕྱི་ཟླ་༡༠་པའི་ཚེས་༢༧་ཉིན་རྒྱ་གར་གྱི་ཡུ་རེ་ཤི་ཡ་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འབྲུག་ཡུལ་གྱིས་རྒྱ་ནག་ལ་གྲོས་མོལ་བྱས་ནས་ས་མཚམས་ཀྱི་རྩོད་གཞི་ཐག་གཅོད་བྱེད་མཁན་རྒྱལ་ཁབ་ཨང་༡༣་པ་དེར་འགྱུར་རྒྱུ་ཡིན་མིན་ནི་བཤད་དཀའ་བའི་གནད་དོན་ཞིག་ཡིན་ཞིང་། འབྲུག་ཡུལ་གྱིས་རྒྱ་ནག་དང་གྲོས་མཐུན་མ་བཞག་གོང་དུ་ཅིས་ནས་ཀྱང་རྒྱ་གར་གྱི་ཁེ་ཕན་ལ་བསམ་ཞིབ་བྱ་དགོས། རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་འབྱུང་བའི་གྲོས་མཐུན་གང་འདྲ་ཞིག་བཞག་ཀྱང་ལྡི་ལི་གསར་པ་དང་ཐིམ་ཕུག་གི་འབྲེལ་བར་གནོད་སྐྱོན་འཕོག་རྒྱུ་གདོན་མི་ཟ། ད་ལྟའི་དུས་སྐབས་འདིར་འབྲུག་ཡུལ་གྱིས་རྒྱ་གར་ལ་ཕོག་ཐུག་བཏང་ན་དགེ་མཚན་མེད་པར་མ་ཟད། མཚོ་ལམ་མེད་པའི་འབྲུག་ཡུལ་ལ་མཚོན་ན་རྒྱ་ནག་ལས་ཀྱང་རྒྱ་གར་ལ་འབྲེལ་བ་ཡག་པོ་འཛིན་རྒྱུ་གནད་འགག་ཆེ་ཞེས་ཉེན་བརྡ་བཏང་འདུག འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེས་འགོ་ཁྲིད་པའི་སྐུ་ཚབ་ཚོགས་པ་ཞིག་པེ་ཅིང་དུ་ཕེབས་ནས་ས་མཚམས་ཀྱི་གྲོས་མོལ་ཐེངས་༢༥་པ་བྱས་པར་རྒྱ་གར་གྱི་གསར་འགྱུར་ལས་ཁུངས་ཁག་གིས་གླེང་སློང་ཤུགས་ཆེན་བྱས་འདུག

རྒྱ་གར་གྱི་ཉམས་ཞིབ་པ་ཚོས་འབྲུག་ཡུལ་དང་རྒྱ་ནག་གིས་མིང་རྟགས་བཀོད་པའི་གྲོས་མཐུན་དེ་ས་མཚམས་དབྱེ་འབྱེད་ཀྱི་རུ་ཁག་ལོགས་སུ་བཙུགས་ཡོད་པར་རྒྱབ་སྐྱོར་དང་མཉམ་འབྲེལ་གྱི་ལས་འགན་བསྒྲུབ་རྒྱུའི་ཆེད་དུ་ཡིན། གྲོས་མཐུན་དེ་འགག་སྒྲོལ་ཆེན་པོ་ཞིག་ཡིན་ཞེས་འཁོད་འདུག འོན་ཀྱང་འགག་སྒྲོལ་དེ་རྒྱ་ནག་གི་དམིགས་ཡུལ་གྲུབ་པ་ཞིག་མིན་ནམ། རྒྱ་ནག་ལ་ས་འདྲེས་རྒྱལ་ཁབ་༡༤་ཡོད་པ་དེ་དག་གི་གྲས་སུ་ས་མཚམས་ཀྱི་རྩོད་གཞི་ཐག་མ་ཆོད་པར་ལུས་ཡོད་པའི་རྒྱལ་ཁབ་གཉིས་ཡོད་པ་ནི་རྒྱ་གར་དང་འབྲུག་ཡུལ་རེད། ༡༩༤༩་ལོར་རྒྱ་གར་དང་འབྲུག་ཡུལ་གཉིས་ཀྱིས་མཛའ་འབྲེལ་དང་མཉམ་འབྲེལ་གྱི་ཆིངས་ཡིག་བཞག་ནས་བཟུང་སྟེ་ཕྱོགས་གཉིས་ཀྱི་འབྲེལ་བ་དམ་ཟབ་ཏུ་གྱུར། ཆིངས་ཡིག་དེའི་འབྲུ་དོན་ལྟར་རྒྱ་གར་གཞུང་གིས་འབྲུག་ཡུལ་གྱི་ཕྱི་སྲིད་ལ་ལམ་སྟོན་བྱེད་ཆོག་པ་དང་འབྲུག་ཡུལ་གྱི་བདག་དབང་ལ་འགན་ལེན། རྒྱ་གར་དང་འབྲུག་ཡུལ་གྱི་བདེ་འཇགས་སྲུང་སྐྱོབ་ལ་ཐུན་མོང་གི་འགན་འཁྲི་ལེན་དགོས་ཞེས་བཀོད་འདུག ཆིངས་ཡིག་གི་འབྲུ་དོན་ལྟར་རྒྱ་གར་གྱི་དམག་དཔུང་འབྲུག་ཡུལ་གྱི་ས་མཚམས་ཁག་ཏུ་འགྲེམ་འཇོག་བྱས་པ་རེད་ཅེས་གསལ་སྟོན་བྱས་འདུག

ཕྱི་ཟླ་༡༠་པའི་ཚེས་༢༥་ཉིན་རྒྱ་གར་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱིས་འབྲུག་ཡུལ་གྱི་ཕྱི་སྲིད་བློན་ཆེན་རྟ་མགྲིན་རྡོ་རྗེར་རྒྱ་ནག་གིས་རྒྱལ་ཁབ་ཐམས་ཅད་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་གོང་བུ་གཅིག་གྱུར་བཅས་ལ་བརྩི་འཇོག་བྱེད་ཀྱི་ཡོད། རྒྱལ་ཁབ་ཆུང་ཁག་དང་འབྲིང་ཁག་གི་རྒྱུ་མཚན་ལྡན་པའི་བློ་འཚབ་ཁག་ལའང་རྒྱ་ནག་གིས་ཉན་འཇོག་བྱེད་ཀྱི་ཡོད་ཅེས་གྲོས་མོལ་བྱས་འདུག རྒྱ་གར་གཞུང་གིས་འབྲུག་ཡུལ་དང་རྒྱ་ནག་གི་གྲོས་མོལ་དེར་དོ་སྣང་གཟབ་ནན་བྱས་ཏེ་རྒྱ་གར་གྱི་བདེ་འཇགས་ལ་ཉེན་ཁ་འཕྲད་རྒྱུ་ཡིན་མིན། ལྷག་པར་དུ་འབྲོག་ལམ་རྒྱ་ནག་ལ་སྤྲད་ནས་ས་མཚམས་ཀྱི་གྲོས་མོལ་ཐག་གཅོད་བྱ་རྒྱུ་ཡིན་མིན་ལ་བལྟ་དགོས། འབྲོག་ལམ་ནི་རྒྱ་གར་གྱི་ཤི་རི་གུ་རི་ཤུར་ལམ་མམ། ཁྱིམ་བྱའི་སྐེ་དང་འདྲ་བའི་ས་གནས་དེར་བར་ཐག་ཤིན་ཏུ་ཉེ་བས་རྒྱ་དཀར་ནག་གི་དམག་འཁྲུག་ལངས་ཏེ་རྒྱ་ནག་གིས་ཤི་རི་གུ་རིའི་ཤུར་ལམ་ལ་གཏོར་རྒོལ་བྱས་ནས་ལམ་བཀག་ཚེ། རྒྱ་གར་གྱི་སྐམ་ས་ཆེན་པོ་དང་རྒྱ་གར་བྱང་ཤར་གྱི་མངའ་སྡེ་ཁག་བར་མཚམས་གཅོད་ཐུབ། འབྲོག་ལམ་ནི་རྒྱ་གར་གྱི་བདེ་འཇགས་ལ་གནད་འགག་ཧ་ཅང་ཆེན་པོ་རེད་ཅེས་གནས་ཚུལ་སྤེལ་འདུག

XS
SM
MD
LG