ཡུ་རོབ་མནའ་འབྲེལ་གྱི་ཚོགས་ཞུགས་རྒྱལ་ཁབ་༢༧ དང་ཁ་ན་ཌ་གཉིས་ཀྱིས་སྤྱི་ཟླ་༢ པའི་ཚེས་༡༡ སྟེ་རེས་གཟའ་མིག་དམར་ཉིན་ལ། ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཁོ་ཚོའི་ངར་ལྕགས་དང་ཧ་ཡང་གི་ཐོན་རྫས་ལ་སྒོ་ཁྲལ་བརྒྱ་ཆ་༢༥ སྤར་རྒྱུའི་གསལ་བསྒྲགས་དེ་ལ་མཐར་གཅིག་ཏུ་ངོ་རྒོལ་ཡོད་པའི་བརྡ་ལན་གསལ་པོ་སྤྲད་དེ་བྱེད་སྟངས་དེས་ཡུལ་ཐང་འཕར་བཅུག་སྲིད་པ་མ་ཟད། ཨ་རི་དང་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་བར་ལ་ཕྱོགས་ཡོངས་ནས་ཚོང་དོན་གྱི་དམག་འཁྲུག་འབྱུང་འཇུག་སྲིད་པའི་ཉེན་བརྡ་བཏང་འདུག ཡུ་རོབ་མནའ་འབྲེལ་གྱི་ཚོགས་གཙོ་ལྕམ་ཨུར་སུ་ལ་ཝོན་ཌེར་ལེ་ཡེན་གྱིས་སྤེལ་བའི་གསལ་བསྒྲགས་ཤིག་ཏུ། ཡུ་རོབ་མནའ་འབྲེལ་གྱིས་རང་གི་དཔལ་འབྱོར་གྱི་ཁེ་ཕན་སྲུང་སྐྱོབ་ཆེད་དུ་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་དང་། སྒོ་ཁྲལ་གྱིས་ཁེ་ལས་ཁག་དང་འཛད་སྤྱོད་པ་ཚོ་ལ་གནོད་སྐྱོན་ཆེན་པོ་ཐེབས་རྒྱུ་ཡིན་པར་བརྟེན། ཡུ་རོབ་མནའ་འབྲེལ་གྱིས་ཊམ་གྱི་བྱེད་སྟངས་དེ་ལ་བརྡ་ལན་འོས་འཚམས་ཤིག་དང་ནན་མོ་ཞིག་བསློག་རྒྱུ་ཡིན་ཞེས་འཁོད་འདུག
ཊམ་གྱིས་ངར་ལྕགས་དང་ཧ་ཡང་གི་ཐོན་རྫས་ལ་སྒོ་ཁྲལ་སྤར་བའི་བྱེད་ཐབས་དེ་རིང་མིན་སྤྱི་ཟླ་༣ པའི་ཚེས་༡༢ ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་བརྗོད་ཡོད་ཅིང་། ཡུ་རོབ་མནའ་འབྲེལ་གྱི་དཔོན་རིགས་ཚོས་དེ་ལ་བརྡ་ལན་ཚུལ་དུ། ཁོ་ཚོས་ཨ་རིའི་ཝི་སི་ཁི་དང་། བ་དམ། མོ་ཊ་སོགས་ཀྱི་ཐོན་རྫས་ཐོག་ཚོང་ཁྲལ་འགེལ་སྲིད་པ་དང་། ཐོན་རྫས་དེ་དག་མང་ཆེ་བ་ཊམ་ལ་རྒྱབ་སྐྱོར་བྱེད་མཁན་སྤྱི་མཐུན་ཚོགས་པའི་ཕྱོགས་གཏོགས་ཡིན་པའི་མངའ་སྡེ་ཁག་ནས་ཐོན་གྱི་ཡོད་པ་རེད་ཅེས་བརྗོད་འདུག དེ་ཡང་ཡུ་རོབ་མནའ་འབྲེལ་གྱིས་སྤྱི་ཟླ་༢ པའི་ཚེས་༡༢ ཏེ་རེས་གཟའ་ལྷག་པའི་ཉིན་ལ་ཛ་དྲག་བརྙན་འཕྲིན་ཚོགས་འདུ་ཐེངས་དང་པོ་སྐོང་འཚོགས་ཀྱིས་ཊམ་གྱི་ཁྲལ་འབབ་དང་འབྲེལ་བའི་ཐག་གཅོད་ལ་ཡ་ལན་སློག་ཕྱོགས་ཐད་ནས་གོ་བསྡུར་བྱ་རྒྱུ་ཡིན་པ་དང་། དེ་བཞིན་ཁ་ན་ཌའི་སྲིད་བློན་ཇཱ་སི་ཊིན་ཊུ་རུ་ཌོ་ཡིས་ཀྱང་པེ་རི་སིའི་བཅོས་རིག་ལྷན་ཚོགས་ཐོག་ཏུ། ཊམ་གྱིས་ངར་ལྕགས་རིགས་ཀྱི་ཐོན་རྫས་ལ་སྒོ་ཁྲལ་སྤར་རྒྱུ་དེ་ནི་རྒྱུ་མཚན་གང་ཡང་མེད་པ་ཞིག་ཡིན་པ་དང་། དགོས་པ་ཡོད་དུས་ཁ་ན་ཌ་མི་དམངས་ངོས་ནས་དེར་ཤུགས་ཆེན་པོ་དང་བརྟན་པོའི་སྒོ་ནས་རྒོལ་ལན་སློག་རྒྱུ་ཡིན་ཞེས་བརྗོད་འདུག
གླེང་སྟེགས།