བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ཟུར་པ་བཀའ་ཟུར་གྲ་ཕྱི་བློ་བཟང་དར་རྒྱས་མཆོག་སྐུ་གཟུགས་བདེ་མིན་གྱི་གནས་སྟངས་འོག་ཁ་སང་ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་རྒྱབ་ཆུ་ཚོད་གསུམ་དང་སྐར་མ་བཅུའི་ཐོག་ ཀངྒ་ར་ ཊན་ཊ་ སྨན་ཁང་དུ་སྐུ་ཚེ་མ་ཟིན་པའི་གནས་སྟངས་བྱུང་ཡོད་པར་དམ་པ་ཁོང་དང་ལྟོས་བཅས་ཡོངས་ལ་བོད་མིའི་སྒྲིག་འཛུགས་ཀྱིས་གདུང་སེམས་མཉམ་བསྐྱེད་མཚོན་ཕྱིར་དེ་རིང་ཚེས་ ༢༤ ཉིན་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་ཞིག་ཚོགས་གནང་སོང་ལ། སྐབས་དེར་དམ་པ་ཁོང་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཚབ་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ནས། དུས་རྒྱུན་བོད་པའི་ཁ་རྒྱུན་དུ་གྲགས་པ་ལྟར་མི་ཚེ་དོན་དང་ལྡན་པ་ཟེར་བ་དམ་པ་ཁོང་གིས་བསྐྱལ་གནང་ཡོད་པ་མ་ཚད། ནམ་རྒྱུན་སྲི་ཞུ་བའི་དཔེ་མཚོན་དུ་འོས་པ་ཡང་དམ་པ་ཁོང་ལས་འོས་ཤིང་འཚམས་པ་གཞན་མེད་པ་ལྟ་བུ་ཡིན་པ། ལྷག་པར་དུ་སྐུ་ཚེ་གང་པོ་བོད་གཞུང་མང་གཉིས་ལ་ཞབས་འདེགས་ཞུས་པའི་ནང་ལབ་རྒྱུ་གླེང་རྒྱུ་མེད་པ། ཁ་ཞེ་གཉིས་མེད། ༧གོང་ས་༧སྐྱབས་མགོན་ཆེན་པོའི་བཀའ་གཞིར་བཟུང་ཕྱག་བསྟར་གནང་མཁན་ཞིག་ཡིན་པ་སོགས་གསུངས་གནང་སོང་།
དེ་དང་ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཀྱང་དམ་པ་ཁོང་གི་ཤུལ་ལུས་ནང་མི་ཉེ་འབྲེལ་རྣམས་ལ་ཐུགས་གསོའི་འཚམས་འཕྲིན་ཞིག་ཀྱང་གནང་ཡོད་འདུག
དེ་བཞིན་ཁྲིམས་ཞིབ་པ་ཆེ་བ་ཟུར་བ་དམ་པ་བཀའ་ཟུར་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་མཆོག་གི་ཐུགས་གཤིས་དང་། ཕྱག་ལས་གནང་ཕྱོགས་དང་འབྲེལ་བའི་སྐོར་ལ་དམིགས་བསལ་རྒྱུས་མངའ་ཡོད་མཁན་ལས་བྱེད་བགྲེས་པ་ཁག་ཅིག་ལ་བཅར་འདྲི་ཞུས་པའི་ནང་། དམ་པ་ཁོང་ནི་མི་གཤིས་དྲང་ལ། བྱམས་སེམས་ལྡན་པ། གཞུང་གི་ལས་དོན་ལ་བབ་བརླིང་བརྟན་ཅིང་། གཞོན་རབས་ལ་སྐབས་མཚམས་ལམ་སྟོན་གནང་ཤེས་པ། དམིགས་བསལ་བཙན་བྱོལ་བོད་གཞུང་གི་མང་གཙོའི་ལམ་ལུགས་ཀྱི་བརྒྱུད་རིམ་ལ་བླ་ན་མེད་པའི་མཛད་རྗེས་འཇོག་གནང་མཁན་ཞིག་ཀྱང་ཡིན་པ་སོགས་བརྗོད་གནང་སོང་།
གཞི་རྩའི་ཞིང་གཤེགས་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་ཟུར་བ་དམ་པ། བཀའ་ཟུར་གྲ་ཕྱི་ཕུན་རབ་བློ་བཟང་དར་རྒྱས་མཆོག་ནི་ཕྱི་ལོ་ ༡༩༣༧ ལོར་ལྷ་སར་འཁྲུངས། ཕྱི་ལོ་ ༡༩༥༩ ཡི་དུས་འགྱུར་སྐབས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་མ་ཐག་ནས་རང་རེའི་སྤྱི་ཚོགས་ལ་ཞབས་འདེགས་ཞུ་འགོ་བརྩམས་ཏེ། དེ་ཡང་ཐོག་མར་ཀ་སྦུག་ཏུ་སློབ་སྦྱོང་གནང་བཞིན་པའི་སྐབས་བོད་ཡིག་སློབ་ཁྲིད་གནང་། ༡༩༦༣ ལོར་མའེ་སོར་ལུགས་ཟུང་བསམ་གྲུབ་གླིང་དུ་ཕེབས་ཏེ་ལས་ཞོར་དགེ་རྒན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༡༩༦༩ ནས་བོད་མི་མང་སྤྱི་འཐུས་སྐབས་བཞི་པ་ནས་སྐབས་གསུམ་བསྟུད་མར་འདེམས་ཐོན་བྱུང་བ་མ་ཟད། སྐབས་དྲུག་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གཙོ་གཞོན་པའི་མཛད་འགན་བཞེས། ཕྱི་ལོ་ ༡༩༧༩ ལོར་བོད་ནང་དངོས་དོན་རྟོག་ཞིབ་སྐུ་ཚབ་དང་པོའི་ཁོངས་སུ་བོད་དུ་ཕེབས། གཞན་ཡང་སྤྱི་འཐུས་སྐབས་ལྔ་པ་དང༌། དྲུག་པ་གཉིས་ཀྱི་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཚོགས་ཀྱི་ཚོགས་མི་དང་། སྐབས་བདུན་པའི་དབུས་སྤྱི་ཁྱབ་འདེམས་བསྐོ་ལྷན་ཁང་གི་འགན་འཛིན། ཕྱི་ལོ་ ༡༩༨༠ ལོར་དཔལ་འབྱོར་ལས་ཁུངས་ཀྱི་དྲུང་ཆེ་དང་། ༡༩༨༣ ལོའི་ཟླ་ ༣ པར་དཔལ་འབྱོར་བཀའ་བློན་དུ་བསྐོ་གཞག་གནང་། ཕྱི་ལོ་ ༡༩༩༢ ལོའི་ཟླ་ ༣ ཚེས་ ༡༠ ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་གསར་འཛུགས་སྐབས་ཁྲིམས་ཞིབ་པ་ཆེ་བའི་མཛད་ཁུར་དམ་འབུལ་བཞེས་ཏེ། ཕྱི་ལོ་ ༢༠༠༢ ལོར་བགྲེས་ཡོལ་དུ་ཕེབས་ཡོད་ཅིང་། མདོར་ན་དམ་པ་ཁོང་ནི་བཙན་བྱོལ་བོད་གཞུང་གི་མང་གཙོའི་ཀ་བ་གསུམ་ནང་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་སོགས་སུ་ཁྱོན་མི་ལོ་བཞི་བཅུ་ལྷག་རིང་ལྷག་བསམ་གཡོ་མེད་ཀྱིས་བོད་གཞུང་མང་ལ་ཞབས་འདེགས་རླབས་ཆེན་བསྒྲུབས་གནང་མཁན་གྱི་མི་སྣ་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་རེད། །