ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

ཨི་སི་རལ་ནང་གཞི་རྒྱ་ཆེ་བའི་ངོ་རྒོལ་དེས་ན་ཏན་ཡ་ཧུས་མེ་འཕེན་མཚམས་འཇོག་གྲོས་མོལ་ལ་ཁྲིད་ཐུབ་ཀྱི་རེད་དམ།


སྲིད་བློན་བྷན་ཇ་མིན་ ནེ་ཏན་ཡ་ཧུ་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་བྱས་འདུག
སྲིད་བློན་བྷན་ཇ་མིན་ ནེ་ཏན་ཡ་ཧུ་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་བྱས་འདུག

ཨི་སི་རལ་ནང་ཧ་མ་སེ་དྲག་སྤྱོད་པས་བཙན་ཉར་བྱས་པའི་བཙོན་པ་དྲུག་གི་ཕུང་པོ་ཨིས་རལ་གྱི་དམག་མིར་རྙེད་སོན་བྱུང་རྗེས་ཁོང་ཁྲོ་དང་སེམས་སྡུག་ཆེན་པོར་ལྷུང་བའི་ཨིས་རལ་གྱི་མི་མང་ཚོས་རྒྱལ་ཡོངས་ནང་ཡུལ་དེའི་སྲིད་བློན་བྷན་ཇ་མིན་ ནེ་ཏན་ཡ་ཧུ་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་བྱས་འདུག་པ་དང་། ངོ་རྒོལ་བྱེད་མཁན་ཚོས་སྲིད་བློན་ནེ་ཏན་ཡ་ཧུའི་སྲིད་གཞུང་གིས་འཕྲལ་དུ་ཧ་མ་སེ་མཉམ་དུ་མེ་འཕེན་མཚམས་འཇོག་གི་གྲོས་མོལ་བྱེད་དགོས་པའི་དགོས་འདུན་བཏོན་འདུག

ཧ་མ་སེས་བཙན་འཁྲིད་བྱས་པའི་མི་མང་པོར་སྲོག་སྐྱོན་བྱུང་བཞིན་པ་འདིའི་འགན་འཁུར་སྲིད་བློན་ནེ་ཏན་ཡ་ཧུ་ལ་ཡོད་ཅེས་ཨིས་རལ་གྱི་མི་མང་ཚོས་ངོས་འཛིན་བྱེད་བཞིན་པར་བརྟེན་ད་ཆ་ཧ་མ་སེའི་བཙན་ཉར་འོག་ཡོད་པའི་མི་སྣ་བརྒྱ་ཙམ་ཡོད་པ་དེ་དག་གློད་དཀྲོལ་ཐུབ་རྒྱུར་འཕྲལ་མར་མེ་འཕེན་མཚམས་འཇོག་བྱེད་དགོས་ཞེས་ཨིས་རལ་གྱི་མི་མང་པོས་དགོས་འདུན་འདོན་བཞིན་པ་རེད། འདས་པའི་རེས་གཟའ་ཉི་མའི་ཉིན་ཨིས་རལ་རྒྱལ་ཡོངས་ནང་མི་མང་ཚོས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་སྤེལ་ཏེ་ཧ་མ་སེས་བཙན་ཉར་བྱས་པའི་ཨིས་རལ་བ་ཚོ་གློད་དཀྲོལ་ཐུབ་རྒྱུར་མེ་འཕེན་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་བཏོན་འདུག

དེ་ལྟར་ནའང་དེའི་གོང་ལ་ཡང་ཨིས་རལ་གྱི་ཆབ་སྲིད་ཚོགས་པ་དང། བདེ་འཇགས་ཀྱི་མཐོ་རིམ་དཔོན་རིགས། དེ་བཞིན་ཡུལ་དེའི་མཐུན་ཕྱོགས་གཙོ་བོ་ཨ་རིས་ཨིས་རལ་ལ་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་འཇོག་དགོས་པའི་གནོན་ཤུགས་ཆེན་པོ་སྤྲད་ཡོད་ནའང་། ད་ལྟའི་ཆར་དམག་འཐབ་མཚམས་འཇོག་ཡོང་བཟོ་གང་ཡང་མེད་པ་རེད།

ཡང་ནེ་ཏན་ཡ་ཧུ་ལ་སྐྱོན་བརྗོད་བྱེད་མཁན་ཚོས་བཤད་དོན། སྲིད་བློན་ནེ་ཏན་ཡ་ཧུས་རྒྱལ་ཁབ་གྱི་ཁེ་ཕན་ལས་རང་ཉིད་ཀྱི་ཆབ་སྲིད་ཁེ་ཕན་དེ་གཙོ་གནད་ཆེ་བར་ངོས་འཛིན་བྱེད་ཀྱི་ཡོད་པ་དང། ཁོང་གི་སྲིད་གཞུང་གི་ཆ་ཤས་སུ་ཡུལ་དེའི་ཧ་ཅང་ཐལ་བསྐྱོད་ཆེ་བའི་ཆབ་སྲིད་ཚོགས་པ་ཁག་ཡོད་ཅིང། ཐལ་བསྐྱོད་ཅན་གྱི་དཔོན་རིགས་ཁག་ལ་གནད་འགག་ཆེ་བའི་བློན་ཆེན་གྱི་གོ་གནས་ཀྱང་སྤྲད་ཡོད།

ཡུལ་དེའི་ནོར་སྲིད་བློན་ཆེན་བྷེན་ཛ་ལེལ སི་མོ་ཏྲིཆ་དང། རྒྱལ་ནང་བདེ་སྲུང་བློན་ཆེན་ཨི་ཊ་མར་ བྷེན་གི་ཝིར་སོགས་ཀྱིས་གྷ་ཛའི་དམག་འཐབ་མཚམས་འཇོག་བྱ་རྒྱུ་དང། ཨིས་རལ་བ་དམར་བསད་གཏོང་མཁན་པེ་ལིས་ཐན་གྱི་མི་སྣ་ཚོ་བཙོན་གྲོལ་གཏང་རྒྱུའི་གྲོས་མཐུན་རིགས་གང་ལ་ཡང་མོས་མཐུན་བྱེད་ཀྱི་མེད་ཅིང། གལ་ཏེ་སྲིད་བློན་ནེ་ཏན་ཡ་ཧུས་ཧ་མ་སེ་མཉམ་དུ་མེ་འཕེན་མཚམས་འཇོག་གི་གྲོས་མཐུན་བཞག་པ་ཡིན་ན། ཁོང་གིས་འགོ་ཁྲིད་པའི་སྲིད་གཞུང་འགོ་རྟིང་སློག་རྒྱུའི་སྡིགས་སྐུལ་བྱེད་ཀྱི་ཡོད་པ་དང། དེ་ལྟར་བྱས་ན། ཡུལ་དེའི་ནང་རྒྱལ་ཡོངས་འོས་བསྡུ་བྱ་དགོས་འགྱུར་རྒྱུ་རེད། འོས་བསྡུ་བྱས་ཚེ་སྐུ་ཞབས་ནེ་ཏན་ཡ་ཧུས་འགོ་ཁྲིད་པའི་ཆབ་སྲིད་ཚོགས་པར་ཕམ་ཉེས་ཡོང་རྒྱུ་ཡིན་པ་མང་པོས་ཚོད་དཔག་བྱེད་ཀྱི་ཡོད།

གྲོང་ཁྱེར་ཇེ་རུ་ས་ལམ་ནང་གི་ཧེ་བུ་རུ་གཙུག་ལག་སློབ་ཁང་གི་ཆབ་སྲིད་སློབ་དཔོན་རེའུ་ཝེན་ ཧ་ཛན་གྱིས་གསུངས་དོན་ལ། ནེ་ཏན་ཡ་ཧུས་དོ་སྣང་གཙོ་བོ་དེ་སོ་སོའི་ཆབ་སྲིད་མདུན་ལམ་སྲུང་སྐྱོབ་བྱེད་ཐབས་བྱེད་ཀྱི་ཡོད། སོ་སོའི་ཆབ་སྲིད་མདུན་ལམ་སྲུང་རྒྱུར་དམག་འཐབ་མཚམས་འཇོག་བྱ་རྒྱུ་དང། བཙན་ཉར་བྱས་པའི་མི་སྣ་ཚོ་ཕྱིར་ལོག་ཡོང་དགོས་དོན་མེད་པ་མཐོང་གི་ཡོད་རེད་ཅེས་གསུངས་འདུག

འོན་ཀྱང་ནེ་ཏན་ཡ་ཧུས་ཕྱོགས་གཉིས་དབར་གྲོས་མཐུན་བཞག་མ་ཐུབ་པ་དེའི་འགན་ཁག་དེ་ཧ་མ་སེ་ཚོགས་པར་ཁག་དཀྲི་བྱེད་ཀྱི་ཡོད། གལ་ཏེ་ནེ་ཏན་ཡ་ཧུའི་ཆབ་སྲིད་དབང་ཆ་ཤོར་བ་ཡིན་ན། ཁོང་གིས་ཡུལ་དེའི་ཁྲིམས་དོན་ལམ་ལུགས་ལ་གདོང་ལེན་བྱ་རྒྱུའི་སྡིངས་ཆ་དེ་མེད་པ་བཟོས་ཡོད་པ་དང། ཡུལ་དེའི་ཁྲིམས་དོན་ལམ་ལུགས་ལ་འགྱུར་བ་གཏོང་རྒྱུའི་འཆར་གཞི་ཁག་ལག་བསྟར་ཐུབ་རྒྱུའི་རེ་བ་མེད་པ་དང། དེ་ལྟར་ཐུབ་ན། ཁོང་ལ་འགྱོད་འཛུགས་ཡོད་པ་དེ་དག་ལ་ཤུགས་རྐྱེན་ཡོང་སྲིད།

སྐུ་ཞབས་ནེ་ཏན་ཡ་ཧུས་བཤད་དོན་ལ། ཁོང་གིས་རྒྱལ་ཁབ་གྱི་ཁེ་ཕན་གཙོ་བོར་བཞག་ནས་ལས་དོན་སྒྲུབ་བཞིན་ཡོད་ལུགས་དང། ཨིས་རལ་གྱི་མི་བཙན་བཟུང་བྱས་པ་ཚོ་གློད་དཀྲོལ་ཐུབ་རྒྱུའི་ཐབས་ལམ་ཡག་ཤོས་དེ་ཨིས་རལ་གྱི་དམག་མིས་གྷ་ཛའི་ནང་ལ་འཕར་རྒོལ་ལས་འགུལ་སྤེལ་བཞིན་པ་དེ་ཡིན་སྐོར་ནན་བརྗོད་བྱེད་ཀྱི་ཡོད་པ་རེད། ཧ་མ་སེ་མཉམ་དུ་གྲོས་མཐུན་ཇི་འདྲ་ཞིག་བཞག་པ་ཡིན་ནའང། གྲོས་མཐུན་དེའི་ནང་གྷ་ཛའི་ས་གནས་གཉིས་ཀྱི་ནང་ཨིས་རལ་གྱི་དམག་མི་མུ་མཐུད་དེ་བཞག་དགོས་ཀྱི་ཡོད་པ་དང། ས་གནས་གཅིག་གང་རུང་གཅིག་ལ་ཨིས་རལ་གྱི་དམག་མི་འཇོག་མི་ཆོག་པའི་གྲོས་མཐུན་ཇི་འདྲཞིག་ཡིན་རུང་དེར་ཁོང་གིས་མོས་མཐུན་ནམ་ཡང་བྱེད་ཀྱི་མིན་ཞེས་འགྲེལ་བརྗོད་བྱེད་ཀྱི་ཡོད།

ཨེ་པི་གསར་ཁང་ནས་བཏུས།

གསར་འགོད་པ། ཀུན་བཟང་རིག་འཛིན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྼཱི།

གླེང་སྟེགས།

XS
SM
MD
LG