ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༠/༡༨

ཀོ་ལོ་ར་ཌོ་མངའ་སྡེའི་ཁྲིམས་ཁང་གིས་ཌོ་ནལ་ཊམ་འོས་བསྡུར་ཞུགས་རྒྱུ་བཀག


༄༅།། ཨ་རིའི་ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་མངའ་སྡེ་དེའི་སྔོན་འགྲོའི་འོས་འདེམས་དུས་སུ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་མིང་ཐོ་འདེམས་ཤོག་ནང་དུ་འགོད་རྒྱུ་འོས་བབ་མི་འདུག་ཅེས་བཅད་ཁྲ་བསྒྲགས། ཕྱི་ཟླ་༡༢་པའི་ཚེས་༢༠་ཉིན་སི་ཨེན་ཨེན་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྩ་ཁྲིམས་བསྐྱར་བཅོས་དོན་ཚན་༡༤་པའི་ནང་དུ་རྒྱལ་ཁབ་ལ་གྱེན་ལོག་བྱས་པའི་མི་ཞིག་ལ་གཞུང་གི་ལས་གནས་འཛིན་ཆོག་པའི་ཐོབ་ཐང་མེད་ཅེས་འཁོད། ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་༢༠༢༡་ལོའི་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཌོ་ནལ་ཊམ་གྱིས་རང་གི་རྒྱབ་སྐྱོར་བ་ཚོར་ངན་སྐུལ་བྱས་ནས་ཨ་རིའི་གྲོས་ཚོགས་ལ་གྱེན་ལོག་བྱུང་ཞིང་། དེར་བརྟེན་༢༠༢༤་ལོའི་སྲིད་འཛིན་འོས་འདེམས་དུས་སུ་མངའ་སྡེ་དེའི་འདེམས་ཤོག་ནང་དུ་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་གྱི་མིང་ཐོ་འཇུག་རྒྱུའི་འོས་བབ་མི་འདུག་ཅེས་ཁྲིམས་ཞིབ་པ་༤་དང་༣་གྱི་ཁྱད་པར་ཐོག་ཏུ་ཐག་བཅད། དེ་ནི་ཨ་རིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ཐག་གཅོད་ཅིག་ཡིན་འདུག

ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ནས་དབུས་གཞུང་གི་ཆེས་མཐོའི་ཁྲིམས་ཁང་ལ་ཞུ་གཏུགས་བྱེད་ཆོག་ཅེས་གསལ་བསྒྲགས་སྤེལ། ༢༠༢༤་ལོའི་ཕྱི་ཟླ་༣་པའི་མགོ་སྟོད་དུ་ཀོ་ལོ་ར་ཌོ་མངའ་སྡེར་སྲིད་འཛིན་འོས་མི་འདེམས་སྒྲུག་གི་སྔོན་འགྲོའི་འོས་བསྡུ་བྱེད་ཀྱི་ཡོད་ཅིང་། ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་འཛིན་ཌོ་ནལ་ཊམ་གྱིས་རང་གི་རྒྱབ་སྐྱོར་བ་རྣམས་གྲོས་ཚོགས་ཀྱི་སྟེང་དུ་རྒྱུགས། ང་ཚོས་ཤི་འཐབ་རོ་འཐབ་ཅིག་མ་བྱས་ཚེ། ང་ཚོའི་རྒྱལ་ཁབ་དེ་ཕྱིར་ལེན་བྱེད་མི་ཐུབ་ཅེས་གཏམ་བཤད་བྱས་པ་ནི་དྲག་སྤྱོད་སྤེལ་ནས་གྱེན་ལོག་བྱོས། ཁྲིམས་མེད་ལུགས་མེད་བྱོས་ཞེས་ངན་སྐུལ་བྱས་པ་ཞིག་རེད། ཞི་བའི་སྒོ་ནས་ཨ་རིའི་སྲིད་དབང་རྩིས་སྤྲོད་ལ་གཏོར་བརླག་བྱས་པ་ཞིག་རེད་ཅེས་ཤོག་གྲངས་༡༣༤་ཡོད་པའི་བཅད་ཁྲ་ཞིག་བསྒྲགས། ཌོ་ནལ་ཊམ་གྱིས་རང་གི་གཏམ་བཤད་དེ་རྩ་ཁྲིམས་བསྐྱར་བཅོས་དོན་ཚན་དང་པོ་སྟེ། སྨྲ་བརྗོད་རང་དབང་གི་ཁྱབ་ཁོངས་སུ་འདུས་ཡོད་ཅེས་རྩོད་པ་རྒྱག་གི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་རྩ་ཁྲིམས་བསྐྱར་བཅོས་དོན་ཚན་༡༤་པའི་ནང་གསེས་༣་པར་གྱེན་ལོག་བྱས་པའི་མི་ཞིག་གིས་གྲོས་ཚོགས་གོང་མའི་འཐུས་མི་དང་གྲོས་ཚོགས་འོག་མའི་འཐུས་མི། སྲིད་འཛིན་འདེམས་བསྐོ་བ་སོགས་གཞུང་གི་ལས་གནས་གང་ཡང་འཛིན་མི་ཆོག་ཅེས་འཁོད་མོད། འོན་ཀྱང་སྲིད་འཛིན་གྱི་ལས་གནས་འཛིན་མི་ཆོག་ཅེས་གསལ་ཁ་མ་ཐོན། ཁྲིམས་ལུགས་མཁས་པ་ཁག་ཅིག་གིས་རྩ་ཁྲིམས་བསྐྱར་བཅོས་དོན་ཚན་༡༤་པའི་ནང་དུ་གྱེན་ལོག་བྱས་པ་ཚོས་སྲིད་འཛིན་གྱི་གོ་གནས་འཛིན་མི་ཆོག་ཅེས་བཀོད་མེད་པས་དོན་ཚན་དེ་སྲིད་ལ་ཁྱབ་ཀྱི་མི་འདུག་ཅེས་སྒྲུབ་བྱེད་བཀོད། ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་འཛིན་ཞེས་གསལ་ཁ་ཐོན་མེད་ཀྱང་ཁྱད་པར་མེད། རྩ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་དེའི་ནང་དུ་གཞུང་གི་ལས་གནས་ཞེས་འཁོད་ཡོད་པས་སྲིད་འཛིན་གྱི་ལས་གནས་འདུས་ཡོད་པ་ཤིན་ཏུ་གསལ། སྲིད་གཞུང་གི་ལས་སྣེ་ཚོའི་གྲས་སུ་སྲིད་འཛིན་ཚུད་མེད་ཟེར་ན་ཨ་མི་རི་ཀའི་རྩ་དོན་ལ་རྒྱབ་འགལ་རེད་ཅེས་དགག་པ་བརྒྱབ་འདུག

ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་ཇི་ལྟར་བྱས་ཀྱང་མཐར་ཐུག་དབུས་གཞུང་གི་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་བྱ་དགོས། ཨ་རིའི་ཁྲིམས་ལུགས་མཁས་པ་ཚོས་ཆེས་མཐོའི་ཁྲིམས་ཁང་ལ་གདམ་ཀ་གསུམ་འདུག ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེ་ཁྲིམས་འགལ་རེད། མངའ་སྡེ་དེར་སྲིད་འཛིན་འོས་མི་འདེམས་སྒྲུག་གི་སྔོན་འགྲོའི་འོས་བསྡུ་བྱེད་པའི་སྐབས་སུ་ཌོ་ནལ་ཊམ་གྱི་མིང་ཐོ་འདེམས་ཤོག་ནང་དུ་འཇུག་དགོས་ཞེས་ཐག་གཅོད་བྱེད་པའམ། ཡང་ན་ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེ་འགྲིག་འདུག་ཅེས་བཅད་ཁྲ་རང་སོར་འཇོག་པ། དེ་མིན་ན་ཆེས་མཐོའི་ཁྲིམས་ཁང་གིས་གྱོད་གཞི་དེར་ངོས་བཞེས་གནང་རྒྱུ་མིན་ཞེས་ཐག་གཅོད་དགོས་པ་རེད་ཅེས་བསྟན། ཨ་རིའི་མངའ་སྡེ་གཞན་ཁག་གིས་ཀྱང་ཌོ་ནལ་ཊམ་འདེམས་ཤོག་ནང་དུ་འཇུག་དགོས་མིན་ཐད་ཁྲིམས་གཏུགས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ཨ་རིའི་ནོ་ཊར་ཌམ་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་གླིང་གི་འོས་འདེམས་ཉམས་ཞིབ་མཁས་པ་ཌེ་རེག་མུ་ལར་
ཨ་རིའི་ནོ་ཊར་ཌམ་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་གླིང་གི་འོས་འདེམས་ཉམས་ཞིབ་མཁས་པ་ཌེ་རེག་མུ་ལར་

ཨ་རིའི་ནོ་ཊར་ཌམ་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་གླིང་གི་འོས་འདེམས་ཉམས་ཞིབ་མཁས་པ་ཌེ་རེག་མུ་ལར་གྱིས་སེ་ཨེན་ཨེན་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེ་ཧང་སང་དགོས་པ་ཞིག་དང་སྔོན་ཆད་བྱུང་མྱོང་མེད་པ་ཞིག་རེད། ཌོ་ནལ་ཊམ་གྱི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཚང་མ་ཁྲིམས་ལུགས་ཀྱི་རྙོག་འཛིང་ནང་དུ་ཚུད་སོང་། ཁོ་ཚོས་ཆེས་མཐོའི་ཁྲིམས་ཁང་ལ་གཏུག་རྒྱུ་ཉག་གཅིག་ཡིན་རུང་ཆེས་མཐོའི་ཁྲིམས་ཁང་གིས་ཁ་མཆུ་དེ་ངོས་བཞེས་གནང་རྒྱུ་ཡིན་མིན་བཤད་དཀའ་ཞེས་གསར་འགོད་པར་གླེང་མོལ་བྱས་འདུག ལོ་རྗེས་མའི་ཕྱི་ཟླ་༣་པའི་ཚེས་༥་ཉིན་ཀོ་ལོ་ར་ཌོ་མངའ་སྡེར་སྲིད་འཛིན་འོས་མི་འདེམས་སྒྲུག་གི་སྔོན་འགྲོའི་འོས་བསྡུ་བྱེད་ཀྱི་ཡོད་པར་མ་ཟད། ཕྱི་ཟླ་དང་པའི་ཚེས་༥་ཉིན་ཀོ་ལོ་ར་ཌོ་མངའ་སྡེའི་དྲུང་ཆེས་སྲིད་འཛིན་འོས་མི་སུ་སུ་ཡིན་མིན་ངེས་གཏན་བྱ་དགོས། དེས་ན་ཕྱི་ཟླ་དང་པོའི་ཚེས་༤་མི་འགྱངས་པར་ཌོ་ནལ་ཊམ་གྱིས་ཆེས་མཐོའི་ཁྲིམས་ཁང་ལ་གཏུག་དགོས་པའི་གནས་ཚུལ་ཐོན་འདུག

ཕོ་བྲང་དཀར་པོའི་ཁྲིམས་རྩོད་པ་ཟུར་པ་ཊ་ཡི་ཀོབ་
ཕོ་བྲང་དཀར་པོའི་ཁྲིམས་རྩོད་པ་ཟུར་པ་ཊ་ཡི་ཀོབ་

ཕྱི་ཟླ་༡༢་པའི་ཚེས་༡༩་ཡི་མཚན་མོར་ཨ་རིའི་ཧིལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕོ་བྲང་དཀར་པོའི་ཁྲིམས་རྩོད་པ་ཟུར་པ་ཊ་ཡི་ཀོབ་ཀྱིས་ཆེས་མཐོའི་ཁྲིམས་ཁང་གིས་མྱུར་དུ་ཁ་མཆུ་དེར་ངོས་བཞེས་གནང་སྟེ་ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེ་ཁྲིམས་འགལ་རེད་ཅེས་ཁྲིམས་ཞིབ་པ་དགུས་སྤྱི་མོས་ཐག་གཅོད་བྱ་སྲིད། རྩ་ཁྲིམས་ནང་དུ་ཧ་ཅང་གསལ་པོ་རེད། ཆེས་མཐོའི་ཁྲིམས་ཁང་གིས་གང་མགྱོགས་ཐག་གཅོད་བྱ་དགོས། ཁོ་ཚོས་རང་གི་ལས་འགན་ཅི་ཡིན་དང་ཁ་མཆུ་འདི་གནད་འགག་ཅི་ཙམ་ཆེ་མིན་ཤེས་ཀྱི་རེད། གཅིག་བྱས་ན་ཀོ་ལོ་ར་ཌོ་མངའ་སྡེའི་སྔོན་འགྲོའི་འོས་བསྡུའི་ཚེས་གྲངས་འཕར་འགྱངས་བྱ་དགོས་པའི་བཀའ་གཏོང་སྲིད་ཅེས་བཀྲལ། ཌོ་ནལ་ཊམ་གྱི་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་ཁང་གི་མགྲིན་ཚབ་པ་སི་ཊི་ཝེན་ཁྲུང་གིས་ང་ཚོས་ཆེས་མཐོའི་ཁྲིམས་ཁང་ལ་གཏུག་རྒྱུ་ཡིན་ཞེས་ངར་ལངས། ཨ་རིའི་ཆེས་མཐོའི་ཁྲིམས་ཁང་དུ་རྙིང་ཞེན་ཅན་གྱི་ཁྲིམས་དཔོན་༦་ཡོད་པའི་གྲས་ཀྱི་༣་ཌོ་ནལ་ཊམ་གྱིས་བསྐོས། ཆེས་མཐོའི་ཁྲིམས་ཁང་ལ་གུ་ཡངས་ཀྱི་ལྟ་བ་འཛིན་པའི་ཁྲིམས་དཔོན་༣་ལས་མེད་པའི་གནས་ཚུལ་ཐོན་འདུག

སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཨེ་ལི་སི་སེ་ཊེ་ཧྥ་ནིག་
སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཨེ་ལི་སི་སེ་ཊེ་ཧྥ་ནིག་

ཕྱི་ཟླ་༡༢་པའི་ཚེས་༢༠་ཉིན་ཨེག་སི་ཡོ་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེར་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ཚོས་གླེང་སློང་བྱ་རྒྱུ་མགོ་བརྩམས། གྲོས་ཚོགས་འོག་མའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་མེག་ཇཱོན་སན་གྱིས་ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གི་བཅད་ཁྲ་དེ་མངོན་གསལ་མེད་པའི་སྲིད་དོན་ཚོགས་པའི་འཐེན་འཁྱེར་ཁོ་ནར་ཟད། དབུས་གཞུང་གི་ཆེས་མཐོའི་ཁྲིམས་ཁང་གིས་ཐག་གཅོད་དེ་འཕྲུ་སློག་གཏོང་རྒྱུའི་ཡིད་ཆེས་ཡོད་ཅེས་འཕྲིན་ཐུང་ཞིག་སྤེལ། སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཨེ་ལི་སི་སེ་ཊེ་ཧྥ་ནིག་གིས་ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་༤་དམངས་གཙོའི་ཚོགས་པའི་རྒྱུག་ཁྱི་རེད། ཁོ་ཚོའི་ཐག་གཅོད་ཀྱིས་མངའ་སྡེ་དེའི་ནང་དུ་ཌོ་ནལ་ཊམ་ལ་འོས་བསྡུའི་རྒྱལ་ཁ་འཐོབ་ཐུབ་ཅེས་སྨྲས། གྲོས་ཚོགས་གོང་མའི་འཐུས་མི་ཐོམ་ཊི་ལི་སི་ཡིས་ཀོ་ལོ་ར་ཌོ་མངའ་སྡེར་ཉེས་ཆད་གཅོད་དགོས་ཞེས་གྲོས་གཞི་བཏོན།།

གྲོས་ཚོགས་གོང་མའི་འཐུས་མི་ཐོམ་ཊི་ལི་སི་
གྲོས་ཚོགས་གོང་མའི་འཐུས་མི་ཐོམ་ཊི་ལི་སི་

དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་འགའ་ཞིག་གིས་༢༠༢༤་ལོའི་སྲིད་འཛིན་འོས་འདེམས་ལ་ཌ་ནལ་ཊམ་མཉམ་ཞུགས་བྱེད་དུ་མ་བཅུག་ན་ལེགས། ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་དེ་ཉིད་ཡང་དག་པ་ཞིག་རེད་ཅེས་ལྟ་ཚུལ་བརྗོད། དཔེར་ན་གྲོས་ཚོགས་ཀྱི་ལྟ་སྐུལ་ཚོགས་ཆུང་གི་དམངས་གཙོ་ཚོགས་པའི་འཐུས་མི་ཇཱེ་མི་ར་སི་ཀིན་གྱིས་ཐག་གཅོད་དེར་ཁྲིམས་ཀྱི་རྒྱབ་རྩ་བརྟན་པོ་འདུག ཀོ་ལོ་ར་ཌོའི་ཐག་གཅོད་དེ་དོན་དངོས་ལ་མཐུན། ཆེས་མཐོའི་ཁྲིམས་ཁང་ལ་རྩ་ཁྲིམས་ཀྱི་དགོངས་དོན་གོ་བ་ཕྱིན་ཅི་མ་ལོག་པ་ཞིག་ལེན་འདོད་ཡོད་ན་བཅད་ཁྲ་སོར་འཇོག་བྱ་དགོས་ཞེས་ནན་གྱིས་བསྐུལ། དེ་བཞིན་ཁེ་ལི་ཧྥོར་ཎི་ཡ་མངའ་སྡེའི་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་ཊེ་ཌི་ལིའུ་ཡིས་ཀྱང་ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཌོ་ནལ་ཊམ་གྱིས་གྱེན་ལོག་བྱ་དགོས་པའི་ངན་སྐུལ་བྱས་ཡོད་པའི་དཔང་རྟགས་གསལ་པོ་འདུག་ཅེས་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀོ་ལོ་ར་ཌོ་མངའ་སྡེའི་ཆེས་མཐོའི་ཁྲིམས་ཁང་གི་ཐག་གཅོད་ལ་ལྟ་ཚུལ་མཐུན་གྱི་མེད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG