ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༡༢/༢༤

ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཟུར་པ་ཞིག་འཛིན་བཟུང་། 


ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་ལས་རྟགས།
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་ལས་རྟགས།

༄༅།། ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་དང་དབུས་ཞིབ་གཅོད་ལས་ཁུངས་ཀྱི་ལས་སྣེ་ཟུར་པ་མ་ཡུག་ཆིང་གིས་ཨ་རིའི་རྒྱལ་སྲུང་དང་དབུས་གཞུང་གི་གནད་འགག་ཆེ་བའི་གསང་བའི་ཡིག་ཆ་རྣམས་རྒྱ་ནག་ལ་བཙོངས་པའི་ནག་ཉེས་ལ་བརྟེན་འཛིན་བཟུང་བྱས་པ་ཡིན་ཞེས་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་གསལ་བསྒྲགས་སྤེལ། ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་ཉེས་འཛུགས་ཡིག་ཆ་དེར་འཁོད་པ་ལྟར་ན། ད་ལྟ་ལོ་ན་༦༧་ལ་སོན་པའི་ཨ་རིའི་གསང་བའི་ལས་ཁུངས་ཀྱི་ལས་སྣེ་ཟུར་པ་མ་ཡུག་ཆིང་ནི་ཧོང་ཀོང་དུ་སྐྱེས་པ་ཞིག་ཡིན་རུང་ཨ་མི་རི་ཀའི་སྤྱི་དམངས་སུ་གྱུར་ཏེ་ཧ་ཝ་དབྱི་མངའ་སྡེའི་རྒྱལ་ས་ཧོ་ནོ་ལུ་ལུ་གྲོང་ཁྱེར་དུ་གནས་སྡོད་བྱེད་མཁན་ཞིག་རེད། ཁོ་པས་༡༩༨༢་ནས་༡༩༨༩་བར་དུ་ཨ་རིའི་དབུས་གསང་བའི་ལས་ཁུངས་ལ་སྲི་ཞུ་བསྒྲུབས། ཕྱི་ལོ་༢༠༠༡་ཡས་མས་ནས་རྒྱ་ནག་གི་རྒྱལ་ཁབ་བདེ་འཇགས་ལྷན་ཁང་གི་གསང་ཉུལ་ཚོར་ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྣམས་བཙོང་འགོ་ཚུགས་འདུག ལོ་དེར་མ་ཡུག་ཆིང་དང་རྒྱ་ནག་གི་བདེ་འཇགས་ལྷན་ཁང་གི་ལས་སྣེ་ཚོ་ཧོང་ཀོང་གི་ས་ཐོག་ཏུ་ཐུག་འཕྲད་ཐེངས་འགའ་ཞིག་བྱས་པའི་བརྙན་འཕྲིན་དང་ཁ་བརྡ་བྱས་པའི་སྒྲ་སྐད་རྣམས་ཨ་རིའི་དབུས་ཞིབ་གཅོད་ལྷན་ཁང་གིས་ཕབ་ལེན་བྱས་ཡོད་པའི་དཔང་རྟགས་ཡོད་པ་རེད།།

མ་ཡུག་ཆིང་གིས་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་བཙོངས་པའི་གནས་ཚུལ་དེ་དག་གི་གྲས་སུ་འཛམ་གླིང་ཡུལ་གྲུ་གང་སར་ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་ཅི་ཙམ་བཏང་ཡོད་པ་དང་ཨ་རིའི་གསང་ཉུལ་དེ་དག་གི་ལས་དོན་ཇི་ལྟར་སྒྲུབ་བྱེད་ཀྱི་ཡོད་མེད། ཨ་མི་རི་ཀའི་གསང་ཉུལ་ཚོས་གནས་བབ་དང་རྣམ་པ་གང་འདྲ་ཞིག་གི་ཐོག་ཏུ་གསང་བའི་ལས་དོན་སྒྲུབ་ཀྱི་ཡོད་མེད། ཨ་མི་རི་ཀའི་དབུས་གསང་བའི་ལས་ཁུངས་ཀྱི་གསང་ཉུལ་རྣམས་ངོ་ཐག་བཅད་པ་དང་རྒྱལ་ཁབ་གཞན་གྱི་གསང་བའི་ལས་ཁུངས་ཁག་ཏུ་ཨ་མི་རི་ཀར་གནས་ཚུལ་མཁོ་སྤྲོད་བྱེད་མཁན་གསང་ཉུལ་སུ་སུ་ཡོད་མེད། གཞན་ཡང་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་གནད་འགག་ཆེ་བའི་ཡིག་ཆ་རྣམས་རྒྱ་ནག་གི་གསང་བའི་ལས་ཁུངས་ཁག་ལ་མཁོ་སྤྲོད་བྱས་ཤིང་། མ་ཡུག་ཆིང་དང་མིང་འདོན་དངོས་སུ་མ་བྱས་པའི་གཉེན་ཚན་ཞིག་གིས་རྒྱ་ནག་གི་གསང་ཉུལ་ཚོར་ཐུག་འཕྲད་བྱས་པའི་སྐབས་སུ་རྒྱ་ནག་གི་གསང་ཉུལ་ཚོས་ཨ་སྒོར་༥༠༠༠༠་སྤྲོད་ཀྱི་ཡོད་པའི་བརྙན་རིས་ལེན་ཐུབ་ཡོད་པར་མ་ཟད། ཕྱི་ལོ་༢༠༠༢་ལོར་མ་ཡུག་ཆིང་གིས་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ལ་སྲི་ཞུ་སྒྲུབ་འདོད་ཡོད་ཅེས་སྙན་ཞུ་ཕུལ། ཨ་རིའི་དབུས་ཞིབ་གཅོད་ལས་ཁང་གིས་མ་ཡུག་ཆིང་གི་རྒྱབ་ལྗོངས་དང་ལས་ཀའི་ཉམས་ཞིབ་བཅས་ལ་ཞིབ་འཇུག་བྱས་ནས་དོ་བདག་ལ་བཅར་འདྲི་ཞུས། ༢༠༠༤་ལོར་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱིས་གན་རྒྱ་བཞག་སྟེ་མ་ཡུག་ཆིང་ཧོ་ནོ་ལུ་ལུ་གྲོང་ཁྱེར་གྱི་དབུས་ཞིབ་གཅོད་ལས་ཁུངས་ཀྱི་སྐད་ཡིག་མཁས་པའི་ས་མིག་ཅིག་ལ་གླས། མ་ཡུག་ཆིང་གིས་རྒྱ་ནག་གི་གསང་བའི་ལས་ཁུངས་སམ། ཡང་ན་རྒྱ་ནག་གི་གསང་བའི་ལས་ཁུངས་ལ་འབྲེལ་བ་མཐུད་མཁན་ཚོར་འབྲེལ་བ་རྒྱུན་འཁྱོངས་བྱས་འདུག་ཅེས་ཁྲིམས་ཁང་གི་ཡིག་ཆར་བཀོད།།

ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་ཉེས་འཛུགས་ཡིག་ཆའི་ནང་དུ་མ་ཡུག་ཆིང་གིས་ཨ་མི་རི་ཀའི་རྒྱལ་སྲུང་གི་གསང་བའི་ཡིག་ཆ་ཁག་ཅིག་ཀྱང་རྒྱ་ནག་ལ་མཁོ་སྤྲོད་བྱས་འདུག་ཅེས་འཁོད། ཕྱི་ཟླ་༨་པའི་ཚེས་༡༨་ཉིན་མ་ཡུག་ཆིང་ཁྲིམས་ཁང་ལ་ཁྲིད་ནས་ཁྲིམས་བཤེར་འགོ་ཚུགས་རྒྱུ་དང་དོ་བདག་གིས་ནག་ཉེས་དེ་ཚོར་དག་འབུལ་བྱེད་མ་ཐུབ་ཚེ། ཁོ་པར་ཨ་མི་རི་ཀའི་ཁྲིམས་ཁང་གིས་ཚེ་བཙོན་གྱི་བཙོན་འཇུག་གི་ཁྲིམས་ཐག་གཅོད་སྲིད། མ་ཡུག་ཆིང་ལ་ཧོ་ནོ་ལུ་ལུ་གྲོང་ཁྱེར་དུ་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་སུ་ལས་ཀ་སྤྲད་པའི་རྗེས་སུ་ཨ་མི་རི་ཀའི་དབུས་གཞུང་གིས་ཕྱིར་བསྒྲགས་བྱེད་ཀྱི་མེད་པའི་གསང་བའི་ཡིག་ཆ་རྣམས་བརྐུས་ནས་རྒྱ་ནག་ལ་བཙོང་རྒྱུ་མགོ་བརྩམས་འདུག་ཅེས་བཀོད། ཡིན་ནའང་ད་ལྟའི་བར་དུ་ཨ་མི་རི་ཀའི་གཞུང་གིས་མ་ཡུག་ཆིང་འཛིན་བཟུང་མ་བྱས་པར་འཇོག་དགོས་དོན་ཅི་ཡིན་ཁྲིམས་ཁང་གི་ཡིག་ཆ་དེར་གསལ་པོ་བཀོད་མེད་ཅིང་། མ་ཡུག་ཆིང་གི་གཉེན་ཚན་ཞེས་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་ཡིག་ཆ་དེར་འཁོད་པའི་མི་དེ་ལོ་ན་༨༥་ལ་སོན། ཁོ་པ་རྒྱ་ནག་གི་ཧྲང་ཧེ་གྲོང་ཁྱེར་དུ་སྐྱེས་ཀྱང་ཨ་མི་རི་ཀའི་སྤྱི་དམངས་སུ་གྱུར། ད་ལྟ་ལོ་ན་༨༥་ལ་སོན་པའི་མ་ཡུག་ཆིང་གི་གཉེན་ཚན་དེ་དྲན་ཤེས་ཉམས་རྒུད་ཀྱི་ནད་མནར་བྱུང་ཡོད་པས་འཛིན་བཟུང་བྱ་དགོས་པའི་བཀོད་ཁྱབ་བཏང་མི་འདུག ༢༠༡༩་ལོའི་ཕྱི་ཟླ་དང་པོར་ཨ་རིའི་དབུས་ཞིབ་གཅོད་ལས་ཁང་གི་གསང་ཉུལ་ཞིག་གིས་མ་ཡུག་ཆིང་ལ་ཐུག་འཕྲད་བྱས་ནས་རྒྱ་ནག་གི་བདེ་འཇགས་ལྷན་ཁང་གི་གསང་ཉུལ་ཡིན་ཞེས་བཤད། ཁོ་པས་༢༠༠༡་ལོར་ཧོང་ཀོང་གི་ས་ཐོག་ཏུ་མ་ཡུག་ཆིང་དང་རྒྱ་ནག་གི་བདེ་འཇགས་ལྷན་ཁང་གི་ལས་སྣེ་ཚོར་ཐུག་འཕྲད་བྱེད་ཀྱི་ཡོད་པའི་བརྙན་འཕྲིན་བསྟན། རྒྱ་ནག་གི་བདེ་འཇགས་ལྷན་ཁང་གི་གསང་ཉུལ་ཡིན་ཟེར་པའི་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་ཀྱི་གསང་ཉུལ་དེས་མ་ཡུག་ཆིང་ལ་ཨ་སྒོར་༢༠༠༠་སྤྲད་ནས་རྒྱ་ནག་གི་གསང་ཉུལ་རྣམས་ངོས་འཛིན་བྱེད་དུ་བཅུག གཅིག་བྱས་ན་ཨ་རིའི་གཞུང་གིས་རྒྱ་ནག་གི་གསང་ཉུལ་རྣམས་འཛིན་བཟུང་དང་ངོ་ཐག་གཅོད་པའི་ཆེད་དུ་མ་ཡུག་ཆིང་འཕྲལ་དུ་འཛིན་བཟུང་མ་བྱས་པར་ཧོ་ནོ་ལུ་ལུ་གྲོང་ཁྱེར་གྱི་ཨ་རིའི་དབུས་ཞིབ་གཅོད་ལས་ཁུངས་སུ་ཆེད་མངགས་བཞག་ཡོད་པ་སྲིད།།

ཨ་མི་རི་ཀའི་དབུས་གཞུང་དང་གསང་བའི་ལས་ཁུངས་ཁག་གི་གསང་བའི་གནས་ཚུལ་རྒྱ་ནག་ལ་བཙོངས་ནས་འཛིན་བཟུང་བྱས་ཏེ་ཁྲིམས་ལ་སྦྱོར་གྱི་ཡོད་པ་ནི་མ་ཡུག་ཆིང་གཅིག་པུ་མིན་ཞིང་། ན་ནིང་ཕྱི་ཟླ་༡༡་པར་ལི་ཁྲུན་ཤཱིང་ཟེར་པའི་དབུས་གསང་བའི་ལས་ཁང་གི་ལས་བྱེད་པ་ཟུར་པ་ཞིག་ཨ་རིའི་གཞུང་གིས་འཛིན་བཟུང་བྱས་ནས་ལོ་༡༩་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད། ལི་ཁྲུན་ཤཱིང་ལ་༢༠༡༠་ནས་༢༠༡༢་བར་དུ་རྒྱ་ནག་གི་ས་ཐོག་ཏུ་ཨ་མི་རི་ཀའི་དབུས་གསང་བའི་ལས་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་ཡོད་པ་རྣམས་རྒྱ་ནག་གི་གསང་བའི་ལས་ཁང་རྩིས་སྤྲོད་བྱས་པའི་ནག་ཉེས་ཕོག རྒྱ་ནག་གིས་ཨ་མི་རི་ཀའི་གསང་བའི་ལས་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱེད་མཁན་དང་གསང་ཉུལ་བྱེད་མཁན་མི་༢༠་ཡས་མས་ཤིག་བསད་པའམ། ཡང་ན་འཛིན་བཟུང་བྱས་ནས་བཙོན་དུ་བཅུག་པས་ཉེ་རབས་ལོ་རྒྱུས་སུ་ཨ་རིའི་དབུས་གསང་བའི་ལས་ཁང་ལ་བྱུང་མྱོང་མེད་པའི་གྱོད་གུད་ཕོག ༢༠༡༩་ལོའི་ཕྱི་ཟླ་༥་པར་ཨ་རིའི་དབུས་གསང་བའི་ལས་ཁང་གིས་ལས་སྣེ་ཟུར་པ་ཁེ་ཝྭིན་མཱེ་ལོ་རི་ཞེས་པ་ཞིག་གིས་ཨ་མི་རི་ཀའི་རྒྱལ་སྲུང་གི་གསང་བའི་ཡིག་ཆ་རྣམས་རྒྱ་ནག་ལ་བཙོངས་ནས་འཛིན་བཟུང་བྱས་ཏེ་ལོ་༢༠་ཐམ་པའི་བཙོན་འཇུག་གི་ཁྲིམས་ཐག་བཅད། ལོ་དེའི་ཕྱི་ཟླ་༩་ནང་དུ་ཨ་མི་རི་ཀའི་གསང་བའི་ལས་ཁང་གི་ལས་སྣེ་ཟུར་པ་རོན་རོཀ་ཝེལ་ཧན་སེན་ཞེས་པ་ཞིག་ཀྱང་ཨ་རིའི་གཞུང་གིས་འཛིན་བཟུང་བྱས་ནས་ལོ་བཅུའི་བཙོན་འཇུག་གི་ཁྲིམས་ཐག་བཅད།།

ཁ་སང་གཟའ་ཟླ་བའི་ཉིན་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གི་སྤྱི་ཁྱབ་འགན་འཛིན་ལས་རོགས་ཀྱིས་སྟབས་མ་ལེགས་པ་ཞིག་ལ་ཨ་མི་རི་ཀའི་གསང་བའི་ལས་ཁུངས་ཁག་གི་ལས་སྣེ་ཟུར་པ་ཚོ་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱོར་དགོས་པ་ཇེ་མང་དུ་འགྲོ་བཞིན་འདུག ཨ་རིའི་གསང་བའི་ལས་ཁུངས་ཁག་གི་ལས་སྣེ་ཟུར་པ་མང་དག་ཅིག་གིས་རང་གི་རྒྱལ་ཁབ་དང་མི་དམངས། ལས་རོགས་བཅས་ལ་རྒྱབ་གཏད། ཁོ་ཚོས་ཨ་རིའི་རང་དབང་དང་དམངས་གཙོའི་རིན་ཐང་རྣམས་དོར་ནས་སྲིད་དབང་གཅིག་སྡུད་ཀྱི་རྒྱལ་ཁབ་དེར་མཐུན་འགྱུར་བྱས་ནས་ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྣམས་རྒྱ་ནག་ལ་བཙོང་གི་ཡོད་པ་ནི་ཚབས་ཆེན་ཞིག་རེད། ཁོ་ཚོ་འཕྲལ་དུ་ཡིན་ནའང་འདྲ། ལོ་མང་རྗེས་སུ་ཡིན་ནའང་འདྲ། ཨ་མི་རི་ཀའི་གསང་བའི་གནས་ཚུལ་རྒྱ་ནག་ལ་བཙོངས་ནས་ཐར་སོང་བསམ་གྱི་ཡོད་ན་འཁྲུལ་སྣང་རེད། ང་ཚོས་སྔ་ཕྱི་མ་གཏོགས་རྒྱལ་ཚོང་པ་དེ་རྣམས་རྩད་གཅོད་བྱས་ནས་ཁྲིམས་ལ་སྦྱོར་ངེས་ཡིན་ཞེས་བཤད། ཨ་མི་རི་ཀས་དཔལ་འབྱོར་དང་ཚོང་ལས་ཀྱི་གསང་ཉུལ་རྣམས་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱོར་གྱི་ཡོད་པའི་གྱོད་གཞི་བརྒྱ་ཆ་༨༠་ལྷག་རྒྱ་ནག་ལ་འབྲེལ་བ་ཡོད་པ་སྟེ། རྒྱ་ནག་གིས་ཨ་མི་རི་ཀར་ཚོང་པ་དང་སློབ་ཕྲུག ཤེས་ཡོན་ཅན་དང་ཉམས་ཞིབ་པ། ཡུལ་སྐོར་སྤྲོ་འཆམ་པ་སོགས་ཀྱི་གྲས་སུ་གསང་ཉུལ་སྟོང་ཕྲག་མང་པོ་བཏང་སྟེ་ཨ་རིའི་དམག་དོན་དང་རྒྱལ་སྲུང་། ཚན་རིག་དང་འཕྲུལ་རིག་ལག་རྩལ། ཨ་རིའི་གསོ་རིག་དང་དཔལ་འབྱོར། ཚོང་ལས་སོགས་ཀྱི་གསང་བའི་གནས་ཚུལ་རྐུ་འཁྱེར་དང་ཉོ་ཐབས་བྱ་རྒྱུ་འགོག་ཐབས་མེད་པའི་ཚད་དེར་སླེབས་འདུག་ཅེས་ཨ་རིའི་གསང་བའི་ལས་ཁུངས་ཁག་གིས་ཉེན་བརྡ་བཏང་ཡོད་པ་རེད།།

XS
SM
MD
LG