༄༅།། རྒྱ་ནག་གི་མི་འབོར་དེ་ལོ་གསུམ་བསྟུད་མར་འཕེལ་རྒྱས་འགྲོ་མ་ཐུབ་པར་ཉུང་དུ་སོང་། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་དཔལ་འབྱོར་སླར་གསོ་བྱ་ཐབས་བྱེད་བཞིན་པ་དེ་འགྲུབ་དཀའ་བ་ཞིག་ཏུ་འགྱུར་གྱི་ཡོད་པའི་གསར་འགྱུར་ཐོན་འདུག ཕྱི་ཟླ་དང་པོའི་ཚེས་༡༧་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ༢༠༢༤་ཡི་ལོ་མཇུག་དེར་རྒྱ་ནག་ལ་མི་གྲངས་དུང་ཕྱུར་༡༤.༠༨་ཡོད་ཅིང་། དེ་ནི་༢༠༢༣་ལོའི་མི་འབོར་དང་བསྡུར་ན་མི་གྲངས་ས་ཡ་༡.༣༩་ཉུང་དུ་ཕྱིན་འདུག སྔ་ལོ་རྒྱ་ནག་ཏུ་ཕྲུ་གུ་ས་ཡ་༩.༥༤་སྐྱེས་པ་དང་མི་ས་ཡ་༡༠.༩༣་གྲོངས། རྒྱ་ནག་གི་མིའི་ཤི་གྲངས་དེ་ལོ་བཅུ་ཕྲག་ལྔའི་ནང་དུ་བྱུང་མྱོང་མེད་པ་དང་༢༠༢༣་ལོར་རྒྱ་ནག་ལ་ཕྲུ་གུ་ས་ཡ་༩.༠༢་སྐྱེས། རྒྱ་ནག་ལ་ཕྲུ་གུ་གསར་དུ་སྐྱེས་པ་དང་མི་ཤི་བའི་གྲངས་འབོར་ལ་ཁྱད་པར་ཆེན་པོ་ཡོད་པ་དེ་བློ་འཚབ་བྱ་དགོས་པ་ཞིག་རེད་ཅེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་གསལ་བསྒྲགས་སྤེལ་འདུག
ན་ནིང་འབྲུག་གི་ལོ་ནི་རྟེན་འབྲེལ་བཟང་པོ་ཡིན་པ་དང་མི་འབོར་འཕེལ་རྒྱས་འགྲོ་རྒྱུའི་རེ་ལྟོས་བཅངས། ཡིན་ནའང་ས་གནས་བྱེ་བྲག་པ་འགའ་ཤས་ལ་ཕྲུ་གུ་མང་བ་སྐྱེས་ཀྱང་སྤྱི་ཡོངས་ཀྱི་ཆ་ནས་རྒྱ་ནག་ལ་འབྲུག་གི་ལོ་དེར་ཕྲུ་གུ་མང་བ་སྐྱེ་མ་ཐུབ། ལོ་རབས་༧༠་པའི་མཇུག་ནས་རྒྱ་ནག་གཞུང་གིས་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར། ༢༠༢༡་ནས་རྒྱ་ནག་གཞུང་གིས་ཕྲུ་གུ་གསུམ་སྐྱེ་ཆོག་པའི་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས་ཀྱང་ཕན་ཐོགས་མ་བྱུང་། ཉམས་ཞིབ་པ་ཚོས་༢༠༢༣་དང་བསྡུར་ན་སྔ་ལོ་རྒྱ་ནག་ལ་ཕྲུ་གུ་འབུམ་ལྔ་ལྷག་མང་བ་སྐྱེས་ཡོད་པ་ནི་སྲིད་གཞུང་གིས་ཕྲུ་གུ་གསུམ་རེ་སྐྱེ་ཆོག་པའི་སྲིད་ཇུས་ཤིག་གཏན་འབེབས་བྱས་པའི་གྲུབ་འབྲས་ཡིན་སྲིད་ཟེར། རྒྱ་ནག་གི་མི་འབོར་མཐུན་ཚོགས་ཀྱི་གཙོ་འཛིན་དང་ནན་ཁེ་སློབ་གྲྭ་ཆེན་མོའི་མི་འབོར་རིག་པའི་སློབ་དཔོན་ཡོན་ཞིན་(Yuan Xin)་གྱིས་ཕྲུ་གུ་གསར་དུ་སྐྱེས་པ་ཚོས་རྒན་གཞོན་གཉིས་ལ་མང་ཉུང་ཁྱད་པར་དེ་སྙོམས་ཐུབ་རྒྱུ་ཁག་པོ་རེད་ཅེས་བསྟན།།
སློབ་དཔོན་ཡོན་ཞིན་གྱིས་རྒྱ་ནག་ལ་ཕྲུ་གུ་སྐྱེ་ཐུབ་པའི་ལོ་ཚད་ཀྱི་མི་འབོར་ཉུང་བ་དང་ཕོ་ཧྲེང་མོ་ཧྲེང་མང་བ། ཕ་མར་འགྱུར་ཐུབ་པའི་མི་གྲངས་དེ་ཧ་ཅང་ཉུང་ཉུང་རེད། རྒྱ་ནག་གི་སྤྱི་ཚོགས་སུ་ཡོང་འབབ་ལྡབ་གཉིས་དགོས། ཕྲུ་གུ་མི་དགོས་ཞེས་བསམ་བློའི་ལྟ་བ་གསར་པ་ཞིག་དར་གྱི་འདུག དེ་བཞིན་རྒན་རྒོན་གྱི་མི་འབོར་ཇེ་མང་དང་འདས་གྲོངས་ཀྱི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པས་མི་འབོར་འཕེལ་རྒྱས་ཇི་ལྟར་གཏོང་ཐུབ། རྒྱ་ནག་གི་ན་གཞོན་ཚོར་ཕྲུ་གུ་སྐྱེ་རྒྱུའི་འདུན་པ་མི་འདུག གཉེན་སྒྲིག་ཐེངས་དང་པོ་དང་ཕྲུ་གུ་སྐྱེ་བའི་ལོ་ཚད་དེ་མུ་མཐུད་ནས་འགྱངས་ཀྱི་ཡོད་པ་ནི་མི་འབྱོར་འཕེལ་རྒྱས་ཀྱི་འགོག་རྐྱེན་ཞིག་རེད་ཅེས་བཤད། རྒྱ་ནག་གཞུང་གིས་ཕྲུ་གུ་གཅིག་ལས་སྐྱེ་མི་ཆོག་པའི་སྲིད་ཇུས་ལག་ལེན་བསྟར་ནས་ཕ་མ་ཚོས་ཁྱིམ་ཚང་གི་ཤུལ་འཛིན་པ་དེ་བུ་ཞིག་དགོས་ཞེས་བདམས། དེ་ནས་ཨ་མའི་མངལ་དུ་ཆགས་པའི་བུ་མོ་ས་ཡ་མང་པོ་བཏོན་པའི་མཇུག་འབྲས་སུ་ཕོ་མོ་གཉིས་དོ་མཉམ་མེད་པར་གྱུར། ད་ལྟ་རྒྱ་ནག་གི་སྤྱི་ཚོགས་སུ་སྐྱེས་པ་༡༠༤.༣༤་ལ་བུད་མེད་༡༠༠་ལས་མེད་པས་ཕོ་གསར་ས་ཡ་མང་པོར་ཆུང་མ་རག་གི་མེད་པའི་དཀའ་ངལ་ཕྲད།།
ཕྱི་ཟླ་དང་པོའི་ཚེས་༡༧་ཉིན་ཧྥ་རན་སི་གསར་འགྱུར་ལས་ཁུངས་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་དཔལ་འབྱོར་ཉམས་ནས་ན་གཞོན་ས་ཡ་མང་པོར་ལས་ཀ་མ་ཐོབ། བཟོ་གྲྭ་ཁག་གིས་སྐྱེས་པ་ངལ་རྩོལ་བ་མང་བ་གླས་ནས་ཕོ་མོའི་དབྱེ་བ་ཕྱེ། སེངྒ་པུར་སློབ་གྲྭ་ཆེན་མོའི་ཤར་ཨེ་ཤི་ཡའི་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་ཀྲའོ་ལི་ཐའོ་(Zhao Litao)་ཡིས་༢༠༢༤་ལོར་རྒྱ་ནག་ལ་ཕྲུ་གུ་སྐྱེ་རྒྱུ་ཅུང་ཙམ་མང་དུ་ཕྱིན་པ་དེ་རྒྱུན་འཁྱོངས་བྱེད་ཐུབ་རྒྱུ་ཁག་པོ་རེད། མ་འོངས་པའི་ལོ་བཅུ་ཕྲག་འགའ་ཞིག་གི་ནང་དུ་རྒྱ་ནག་ལ་ཕྲུ་གུ་སྐྱེ་ཐུབ་པའི་ལོ་ཚད་ལོན་པའི་བུད་མེད་ཉུང་དུ་འགྲོ་རྒྱུ་དང་རྒན་རྒོན་མང་བའི་གནས་སྟངས་ལ་འགྱུར་བ་ཐེབས་དཀའ་ཞེས་བཀྲལ། གལ་སྲིད་རྒྱ་ནག་གཞུང་གིས་ཕྲུ་གུ་སྐྱེ་མཁན་ཕ་མ་ཚོར་དཔལ་འབྱོར་རོགས་རམ་དང་འཚོ་བའི་དཀལ་ངལ་སེལ་རོགས་མ་བྱས་ཚེ། རྒྱ་ནག་གི་མི་འབོར་ཉམས་ནས་རྒན་རྒོན་མང་དུ་འགྲོ་བཞིན་པ་འགོག་ཐབས་མི་རྙེད་ཅེས་སྔོན་བརྡ་བཏང་འདུག
ཕྱི་ཟླ་དང་པོའི་ཚེས་༡༦་ཉིན་བྷུ་ལུམ་བྷག་གསར་ཁང་གིས་རང་བཙན་གྱི་མི་འབོར་ཉམས་ཞིབ་པ་ཧེ་ཡ་ཧྥུ་(He Yafu)་ལ་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༡༩་ཡི་ལོ་མཇུག་ནས་རྒྱ་ནག་ལ་ལོ་གསུམ་རིང་པྲོག་དབྱིབས་ནད་དུག་ཁྱབ་སྟེ་བཟའ་ཚང་ཚོས་ཕྲུ་གུ་སྐྱེ་རྒྱུ་ཕྱིར་འགྱངས་བྱས་པའི་སྟབས་ཀྱིས་༢༠༢༤་ལོར་ཕྲུ་གུ་མང་ཙམ་སྐྱེས་པ་རེད། ༢༠༢༥་ལོར་རྒྱ་ནག་ལ་ཕྲུ་གུ་གསར་སྐྱེས་ཀྱི་གྲངས་འབོར་ཉུང་དུ་འགྲོ་སྲིད་ཅེས་ལྟ་ཚུལ་ཐ་དད་ཅིག་བརྗོད། བྷུ་ལུམ་བྷག་གསར་ཁང་གིས་༢༠༣༥་ལོར་རྒྱ་ནག་གི་མི་འབོར་དུང་ཕྱུག་༡༣་དང་ཕྱེད་ཀ་ལྷག་ལ་ཆག་ས་རེད། དེ་ནི་༢༠༡༢་ལོའི་མི་འབོར་གྱི་ཚད་དེར་ལྷུང་རྒྱུའི་རྟགས་མཚན་ཞིག་མངོན། གལ་སྲིད་རྒྱ་ནག་གཞུང་གིས་བཟའ་ཚང་ཚོར་ཕོགས་ཡོད་གུང་སེང་དང་འཚོ་བའི་མཐུན་རྐྱེན། དཔལ་འབྱོར་རོགས་རམ་དང་སྨན་བཅོས། ཁང་པ་སོགས་རོགས་རམ་སྤྲད་ནས་ཕྲུ་གུ་སྐྱེ་རུ་འཇུག་མ་ཐུབ་ན་རྒྱ་ནག་གི་མི་འབོར་ཉུང་དུ་འགྲོ་བཞིན་པའི་དཀའ་ངལ་སེལ་མི་ཐུབ། རྒྱ་ནག་ལ་ངལ་རྩོལ་བ་མེད་པར་དཔལ་འབྱོར་འཕེལ་རྒྱས་ཇི་ལྟར་གཏོང་ཐུབ་ཅེས་དཔྱད་བརྗོད་སྤེལ་འདུག
ཕྱི་ཟླ་དང་པོའི་ཚེས་༡༧་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མི་འབོར་ཉུང་དུ་འགྲོ་བཞིན་པ་ནི་རྒྱ་ནག་གཅིག་པུའི་དཀའ་ངལ་ཞིག་མིན་པར་ཉི་ཧོང་དང་ལྷོ་ཀོ་རི་ཡ། ཧོང་ཀོ་དང་ར་ཤི་ཡ། ཤར་ཡུ་རོབ་ཀྱི་རྒྱལ་ཁག་གི་མི་འབོར་ཡང་ཉུང་དུ་ཕྱིན་ཏེ་ངལ་རྩོལ་བ་འདང་ངེས་མེད་པ་གཅིག་མཚུངས་རེད། དེང་སྐབས་རྒན་རྒོན་གྱི་ཚེ་ཐག་རིང་དུ་ཕྱིན་པ་དང་འཚོ་བའི་འགྲོ་གྲོན་ཆེ་བ། ན་གཞོན་ཚོས་སློབ་སྦྱོང་བྱས་ཏེ་ཆེད་ལས་གཉེར་ནས་གཉེན་སྒྲིག་བྱ་རྒྱུ་ཕར་འགྱངས་བྱེད་ཀྱི་ཡོད་པས་མི་འབོར་འཕེལ་རྒྱས་འགྲོ་ཐུབ་ཀྱི་མེད་པ་རེད། རྒྱ་ནག་ལ་མཚོན་ན་ཕྱི་མི་གཞིས་ཆགས་པ་དང་ཕྱི་ལོགས་ནས་ངལ་རྩོལ་བ་ཡོང་དུ་འཇུག་གི་མེད་པས་ལས་མི་འདང་གི་མེད་པའི་དཀའ་ངལ་ཆེ་རུ་འགྲོ་ཤས་ཆེ། ད་ལྟ་ནས་རྒྱ་ནག་གི་མི་གྲངས་དུང་ཕྲུར་༣་ལྷག་ལོ་༦༠་ཡན་ཆད་རེད། ༢༠༣༥་ལོར་རྒྱ་ནག་གི་མི་འབོར་བརྒྱ་ཆ་༣༠་ལྷག་ལོ་༦༠་ཡན་ཆད་དུ་སོན་རྒྱུ་ཡིན་པས་རྒྱ་ནག་གཞུང་གིས་ལས་བྱེད་པ་རྒས་ཡོལ་དུ་གཏོང་བའི་ལོ་ཚད་སྤར་དགོས་བྱུང་འདུག
རྒྱ་ནག་གཞུང་གིས་ལོ་ལྟར་ཨ་སྒོར་དུང་ཕྱུར་མང་པོ་དམག་དོན་དང་འཛུགས་སྐྲུན་ཆེད་དུ་འགྲོ་གྲོན་བཏང་ཡང་རྒས་ཕོགས་དང་མི་འབོར་འཕེལ་རྒྱས། མང་ཚོགས་ཀྱི་བདེ་རྩ་སོགས་ལ་འགྲོ་གྲོན་མ་བཏང་བར་སྣང་མེད་དུ་བསྐྱུར། རྒྱ་གཞུང་གི་ལས་བྱེད་པ་དང་གྲོང་ཁྱེར་ཁག་ཏུ་ཐེམ་ཐོ་ཡོད་པའི་མི་མང་ལ་རྒས་ཕོགས་དང་སྨོན་བཅོས་སོགས་ཀྱི་མཐུན་རྐྱེན་འཛོམས། རྒྱ་གཞུང་གི་ལས་བྱེད་པ་མིན་པ་དང་གྲོང་གསེབ་ཁག་གི་མི་མང་ས་ཡ་མང་པོར་རྒས་ཕོགས་དང་སྨན་བཅོས་ཀྱི་མཐུན་རྐྱེན་མེད་། དེས་ན་རྒྱ་ནག་གི་ན་གཞོན་ཚོར་རྒས་ཕོགས་ཀྱི་ལམ་ལུགས་ནང་དུ་དངུལ་སྒོར་སྤྲོད་འདོད་མ་སྐྱེས། རྒྱ་ནག་ནི་མི་དམངས་རྣམས་གྲོང་གསེབ་ཏུ་འཚོ་གནས་བྱེད་པའི་སྤྱི་ཚོགས་ཤིག་ནས་གྲོང་ཁྱེར་དུ་འཚོ་གནས་བྱེད་པའི་སྤྱི་ཚོགས་ཤིག་ཏུ་གྱུར། ལོ་ལྟར་མི་གྲངས་ས་ཡ་༡༠་ཙམ་གྲོང་གསེབ་ནས་གྲོང་ཁྱེར་དུ་སྤོས། གྲོང་ཁྱེར་ཁག་ལ་གསར་དུ་སྤོས་པ་ཚོར་པེ་ཅིང་དང་ཧྲང་ཧེའི་གྲོང་མི་ལྟར་རྒས་ཕོགས་དང་སྨོན་བཅོས། སློབ་གྲྭ་སོགས་ཀྱི་ཐོབ་ཐང་མེད་པར་ཕྲུ་གུ་སྐྱེ་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག
གླེང་སྟེགས།