ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་མི་མང་ལ་ལས་ཀ་མེད་པའི་དཀའ་ངལ།


རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་མི་མང་ལ་ལས་ཀ་མེད་པའི་དཀའ་ངལ།
རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་མི་མང་ལ་ལས་ཀ་མེད་པའི་དཀའ་ངལ།

༄༅།། རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོས་དཔལ་འབྱོར་སླར་གསོ་དང་ན་གཞོན་ས་ཡ་མང་པོར་ལས་ཀ་བཀོད་སྒྲིག་བྱེད་ཐུབ་ཀྱི་མེད་པ་ནི་མགོ་བོ་ན་སྤྱད་ཅིག་ཏུ་གྱུར་ཡོད་ཅིང་། ཕྱི་ཟླ་༧་པའི་ཚེས་༡༠་ཉིན་རྒྱ་ནག་ལྷོ་ཕྱོགས་སྔ་དྲོའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། འདས་པའི་ལོ་བཅུ་ཕྲག་མང་པོར་རྒྱ་ནག་དམར་ཤོག་ཚོགས་པས་དཔལ་འབྱོར་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བ་ཡར་རྒྱས་གཏོང་རྒྱུའི་ཁས་བླངས། རྒྱ་ནག་མི་དམངས་ཀྱིས་དམར་ཤོག་ཚོགས་པའི་སྲིད་དབང་སྒེར་འཛིན་ལ་ཁ་གཏད་མི་གཅོག་རྒྱུའི་སྤྱི་ཚོགས་གན་རྒྱ་ལྟ་བུ་ཞིག་བཞག ཉེ་བའི་ལོ་ཤས་ཤིག་ནས་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ཕྱིན་པ་དང་སློབ་ཆེན་ཁག་ནས་ཐོན་པའི་ན་གཞོན་ས་ཡ་མང་པོར་ལས་ཀ་བཀོད་སྒྲིག་བྱེད་ཐུབ་ཀྱི་མེད་པའི་རྐྱེན་གྱིས་དམར་ཤོག་ཚོགས་པར་སྔར་བཞིན་སྲིད་དབང་འཛིན་རྒྱུ་འོས་འཚམས་ཤིག་ཡིན་ནམ། ཞིས་ཅིན་ཕིང་གིས་འགོ་ཁྲིད་པའི་རྒྱ་ནག་དམར་ཤོག་ཚོགས་པར་སྲིད་དབང་སྒེར་འཛིན་བྱེད་ཆོག་པའི་ཐོབ་ཐང་ཡོད་དམ་ཞེས་རྩོད་གླེང་བྱ་རྒྱུ་ཤུགས་ཆེ་རུ་སོང་།།

༡༩༩༢་ལོར་ཏིང་ཞའོ་ཕིན་གྱིས་རྒྱ་ནག་ལྷོ་ཕྱོགས་སུ་ཆགས་པའི་ཀོང་ཏུང་ཞིང་ཆེན་དུ་འཕེལ་རྒྱས་ནི་དོན་དམ་གྱི་བདེན་པ་ཞིག་རེད། མ་རྩ་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཇུས་གང་ལ་བརྟེན་ནས་འགྱུར་བཅོས་གཏོང་དགོས་མིན་ཐད་རྩོད་པ་རྒྱག་དགོས་དོན་མེད། ང་ཚོས་འགྱུར་བཅོས་བཏང་ནས་ཐོན་སྐྱེད་ཇེ་མང་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས། མང་ཚོགས་ཀྱི་འཚོ་བ་ཡར་རྒྱས་གཏོང་ཐུབ་པའི་སྲིད་ཇུས་དེར་རྒྱབ་སྐྱོར་བྱ་དགོས་ཞེས་ཡོངས་གྲགས་ཀྱི་གཏམ་བཤད་ཅིག་བྱས་ཤིང་། དེ་ནས་བཟུང་སྟེ་ཅང་ཙེ་མིན་དང་ཧུ་ཅིན་ཐའོ་གཉིས་ཀྱིས་ཏིང་ཞའོ་ཕིན་གྱི་སྲིད་ཇུས་དེ་འཕྲོ་རྒྱུན་བསྐྱངས། ཞིས་ཅིན་ཕིང་གིས་ཀྱང་རྒྱ་ནག་མི་དམངས་དབུལ་ཕོངས་ཀྱི་དཀའ་ངལ་འོག་ནས་ཐར་དགོས་པ་དང་ཐུན་མོང་གི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་དགོས་ཞེས་ཁ་གཡང་བསྒྲགས། ༢༠༡༢་ལོར་ཞིས་ཅིན་ཕིང་གིས་མང་ཚོགས་ལ་འཚོ་བ་སྐྱིད་པོ་དང་ཤེས་ཡོན་ཡག་པོ། ལས་ཀ་དང་ཡོང་འབབ་བརྟན་པོ། སྤྱི་ཚོགས་བདེ་འཇགས་དང་ཡར་ཐོན་གྱི་སྨན་བཅོས་མཐུན་རྐྱེན་ཞིག་བྱུང་ན་བསམས་ཡོད་པ་རེད་ཅེས་བཤད།།

༡༩༩༢་ལོར་ཏིང་ཞའོ་ཕིན་
༡༩༩༢་ལོར་ཏིང་ཞའོ་ཕིན་

ཨ་རིའི་ཆི་ཁ་གྷོ་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་པ་དབྱང་ཏ་ལིས་(Dali Yang)་བཤད་པ་ལྟར་ན། རྒྱ་ནག་གཞུང་གིས་དངོས་སུ་མ་བསྒྲགས་པའི་སྤྱི་ཚོགས་གན་རྒྱ་དེར་མི་དམངས་ཀྱིས་ཡིད་ཆེས་བྱས་ནས་བསྡད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པས་དཔལ་འབྱོར་གོང་འཕེལ་དང་སྒེར་པ་རྣམས་ཕྱུག་པོར་བསྒྱུར། མི་དམངས་ཀྱི་འཚོ་བ་ཡར་རྒྱས་བཏང་ན་དམར་ཤོག་ཚོགས་པའི་སྲིད་དབང་སྒེར་འཛིན་ལ་རྒྱབ་སྐྱོར་བྱ་དགོས་པ་རེད། དེང་སྐབས་རྒྱ་ནག་གི་ན་གཞོན་ས་ཡ་མང་པོར་ལས་ཀ་རག་གི་མེད་པ་དང་དཔལ་འབྱོར་སླར་གསོ་བྱེད་ཐུབ་ཀྱི་མེད་པས་སྤྱི་ཚོགས་བརྟན་ལྷིང་མེད་པར་འགྱུར་རྒྱུའི་ཉེན་ཁ་ཤིན་ཏུ་ཆེ། ལོ་རབས་༩༠་པའི་ནང་དུ་པེ་ཅིང་དང་ཀོང་ཀྲུག་གཙོས་རྒྱ་ནག་གི་གྲོང་ཁྱེར་མང་པོར་མི་གསོད་འཕྲོག་བཅོམ་དར་ཁྱབ་བྱུང་སྟེ་མི་དམངས་རྣམས་རང་ཁྱིམ་ནས་ཕྱི་རུ་འབུད་མ་ཕོད། དུས་ནམ་ཞིག་རྒྱ་ནག་གི་ན་གཞོན་ཚོར་ལས་ཀ་མེད་པའི་དཀའ་ངལ་ཕྲད་ན་མི་གསོད་འཕྲོག་བཅོམ་དང་ཁྲིམས་འགལ་བྱ་རྒྱུ་ཇེ་མང་དུ་འགྲོ་སྲོལ་ཡོད་པ་རེད་ཅེས་བསྟན།།

ཧྲང་ཧེ་ནོར་སྲིད་དང་དཔལ་འབྱོར་སློབ་གྲྭ་ཆེན་མོའི་གཙོ་འཛིན་ལིའུ་ཡོན་ཁྲུན་(Liu Yuanchun)་ནི་རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གི་སློབ་སྟོན་པ་ཟུར་པ་ཞིག་ཡིན་ཞིང་། ཁོ་པས་རྒྱ་ནག་གི་ན་གཞོན་ཚོར་ལས་ཀ་རག་གི་མེད་པའི་དཀའ་ངལ་དེ་ལོ་བཅུ་ཡས་མས་ཤིག་ལ་སེལ་ཐུབ་རྒྱུ་མིན་པ་དང་སྐབས་ཤིག་གི་རིང་སྡུག་ཏུ་འགྲོ་སྲིད། གལ་སྲིད་དཀའ་ངལ་འདི་ཡག་པོ་ཞིག་སེལ་མ་ཐུབ་ན་སྤྱི་ཚོགས་དང་ཆབ་སྲིད་བརྟན་ལྷིང་མེད་པར་འགྱུར་ས་རེད་ཅེས་དཔྱད་བརྗོད་སྤེལ། ཨ་རིའི་ཀོར་ནལ་སློབ་གྲྭ་ཆེན་མོའི་བཟོ་ལས་དང་ལས་རྩོལ་འབྲེལ་ལམ་སློབ་གླིང་གི་ཉམས་ཞིབ་པ་ཨེ་ལི་ཧྥ་ར་ཡེ་ཌི་མན་(Eli Friedman)་གྱིས་རྒྱ་ནག་དམར་ཤོག་ཚོགས་པས་དཔལ་འབྱོར་གོང་འཕེལ་གྱི་གྲུབ་འབྲས་ངོམ་ནས་སྲིད་དབང་འཛིན་གྱི་ཡོད་པ་རེད། ཁོ་ཚོས་རྒྱ་ནག་འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁག་ཅིག་ཏུ་བསྒྱུར་ཡོད་ཅེས་འུར་སྒྲོགས་ཀྱང་བྱེད་ཀྱི་འདུག ཉམས་ཞིབ་པ་ཕལ་ཆེ་བས་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་འགྲོ་མ་ཐུབ་པ་དང་ན་གཞོན་ཚོར་ལས་ཀ་བཀོད་སྒྲིག་བྱེད་མ་ཐུབ་ན་གུང་ཁྲན་ཏང་ལ་རྒྱབ་སྐྱོར་ཐོབ་རྒྱུ་ཁག་པོ་རེད་ཟེར་གྱི་འདུག་ཅེས་བཀྲལ།།

ཕྱི་ཟླ་༧་པའི་ཚེས་༩་ཉིན་དངུལ་རྩའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གི་ཁྱིམ་ཚང་ཁག་གིས་འགྲོ་གྲོན་གཏོང་རྒྱུ་ཉུང་དུ་བཏང་བ་དང་སྒེར་གྱི་ཚོང་ལས་ཉམས། ཕྱི་རྒྱལ་ནས་མ་རྩ་འཛུགས་མཁན་མེད་པ་དང་རྒྱལ་ཁབ་ཕྱི་ནང་གཉིས་སུ་རྒྱ་ནག་ཡག་ཏུ་འགྲོ་རྒྱུའི་རྟགས་མཚན་མེད་པར་ཡི་མུག་པ་ཞིག་རེད། རྒྱ་ནག་གི་ས་ཁང་རིན་གོང་མུ་མཐུད་དུ་ཆག་གི་ཡོད་པ་དང་མ་རྐང་ཁྲོམ་ར་ལའང་འཕར་ཆག་ཆེ། རྒྱ་ནག་གཞུང་གིས་དཔལ་འབྱོར་སླར་གསོ་ཇི་ལྟར་བྱེད་དགོས་མིན་ཤེས་ཀྱི་མེད་པར་སྣང་། སྐབས་གསུམ་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་དཔལ་འབྱོར་སླར་གསོའི་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱ་དགོས། འོན་ཀྱང་རྒྱ་ནག་གི་སྒེར་གཉེར་བཟོ་ཚོང་ལས་ཁུངས་ཁག་གིས་མ་རྩ་བཙུགས་ནས་ཚོང་ལས་གཉེར་རྒྱུའི་འདུན་པ་ཆུང་། ས་གནས་སྲིད་གཞུང་ཁག་བུ་ལོན་ནང་དུ་ཐིམ་སྟེ་ཐར་གྱི་མེད་པ་དང་རྒྱལ་ནང་གི་ཚོང་ལས་རྣམས་ས་ཁང་ལ་ཤུགས་ཆེན་པོ་བརྟེན་ཡོད་པར་འགྱུར་བ་གཏོང་ཐུབ་ཀྱི་མེད་པའི་གསར་འགྱུར་སྤེལ་འདུག

ཕྱི་ཟླ་༧་པའི་ཚེས་༥་ཉིན་ཨེ་ཊི་ལན་ཊིག་ལྷན་ཚོགས་ཀྱིས་ཞིབ་འཇུག་སྙན་ཐོ་བཏོན་པ་ལྟར་ན། རྒྱ་ནག་གི་སྐབས་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་མིག་སྔའི་དཀའ་ངལ་རྣམས་སེལ་རྒྱུའི་ཐབས་ལམ་ཞིག་འཚོལ་གྱི་མི་འདུག རྒྱ་ནག་དམར་ཤོག་ཚོགས་པའི་དབུས་ཆབ་སྲིད་ལྷན་ཁང་གིས་བཟོ་ལས་ཡར་རྒྱས་དང་ཆེས་དེང་རབས་ཀྱི་ཚན་རིག་ལག་རྩལ་ཡར་རྒྱས་གཏོང་རྒྱུར་མ་རྩ་བཙུགས་ནས་ཨ་མི་རི་ཀར་ཁ་གཏད་བཅག རྒྱ་ནག་དམར་ཤོག་ཚོགས་པས་སྤྱི་ཚོགས་ལ་སྔར་ལས་ལྷག་པའི་དམ་དྲག་དང་ཆེས་མཐོའི་འགོ་ཁྲིད་ཞིས་ཅིན་ཕིང་གི་ཁ་ལ་ཉན་དགོས་པའི་བཙན་བཀའ་ཕབ། ཞིས་ཅིན་ཕིང་གི་སྲིད་ཇུས་ནི་ཏོག་དབྱིབས་ནད་ཡམས་དུས་སུ་སྒོ་རྒྱ་བསྡམས། ཕུགས་རྒྱང་རིང་པོའི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྲིད་ཇུས་ཁ་ཕྱོགས་བསྒྱུར་ནས་འགོག་རྐྱེན་བཟོས། རྒྱ་ནག་གི་མ་རྩ་ཅན་དང་སྒེར་གྱི་བཟོ་ཚོང་ལས་ཁུངས་ཁག་མགོ་མནན། ཕྱི་ཚེས་༡༥་ནས་༡༨་བར་དུ་འཚོགས་ཀྱི་ཡོད་པའི་སྐབས་གསུམ་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་དཔྱ་ཁྲལ་བསྡུ་ཕྱོགས་ལ་ལེགས་བཅོས་གཏོང་རྒྱུའི་རྟགས་མཚན་ལས་མི་འདུག་ཟེར།།

ཉེ་ཆར་ཐོན་པའི་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཚོའི་གཏམ་བཤད་ཁག་ཏུ་མར་ཁེ་སི་དང་ལེ་ཉིང་རིང་ལུགས་ཀྱི་དཔལ་འབྱོར་སྲིད་ཇུས་ཡང་དག་པ་ཡིན་ཞེས་ཞིས་ཅིན་ཕིང་ལ་རྫོགས་མཐའ་མེད་པའི་བསྟོད་པ་འཐེན། རྒྱ་ནག་གཞུང་གིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་ཚད་མཐོའི་དཔལ་འབྱོར་ཞིག་འཛུགས་རྒྱུ་དོན་དུ་གཉེར། རྒྱ་གཞུང་གི་འགྲོ་གྲོན་མང་ཆེ་བ་བཟོ་ལས་ཁག་ལ་གྱོང་གསབ་རོགས་དངུལ་སྤྲད་ནས་སྤྱི་ཚོགས་ཀྱི་ལས་གཞི་གསར་པ་མ་བཙུགས། འདི་ནི་ཏིང་ཞའོ་ཕིང་གིས་ལོ་བཅུ་ཕྲག་ལྔའི་གོང་དུ་སྔོན་ལ་མང་ཚོགས་ཕྱུག་པོར་འགྱུར་དགོས་ཞེས་སྲིད་ཇུས་གཏན་དུ་ཕབ་པ་དང་ཡོངས་སུ་འགལ་ཡོད་པར་མ་ཟད། སྐབས་གསུམ་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོང་འཛོམས་གྲོས་ཚོགས་ཐེངས་སྔོན་མའི་སྲིད་ཇུས་ཁག་ལའང་མ་མཐུན། ཏིང་ཞའོ་ཕིན་གྱིས་མའོ་ཙེ་ཏུང་གི་གྲལ་རིམ་འཐབ་རྩོད་ཀྱི་སྲིད་ཇུས་དོར། ༡༩༧༨་ནས་རྒྱ་ནག་གིས་ཕྱི་ལ་སྒོ་མོ་ཕྱེ་སྟེ་འགྱུར་བཅོས་གཏོང་རྒྱུ་མགོ་བརྩམས། ༢༠༡༣་ལོར་ཞིས་ཅིན་ཕིང་གིས་སྲིད་དབང་བཟུང་བའི་རྗེས་སུ་འགྱུར་བཅོས་ཀྱི་སྲིད་ཇུས་ཁག་ལག་ལེན་བསྟར་རྒྱུ་མཚམས་བཞག

༢༠༡༨་ལོར་ཚོགས་པའི་རྒྱ་ནག་གི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་དམར་ཤོག་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་ལས་དུས་ཚད་བཀག་མེད་པར་བཏང་སྟེ་ཞིས་ཅིན་ཕིང་གིས་སྲིད་དབང་མུ་མཐུད་དུ་འཛིན་ཆོག་པའི་ཐག་བཅད། རྒྱ་ནག་གཞུང་གིས་སྲིད་ཇུས་འགྱུར་བ་བཏང་བ་དེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་དགོས་མཁོ་འདུག ཨ་རི་དང་དེའི་མཐུན་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་ལ་འཕྲུལ་རིག་ལག་རྩལ་བཀག་ནས་འགྲན་སྡུར་ཆེན་པོ་ཞིག་ཚུགས་ཡོད། དེས་ན་རྒྱ་ནག་གི་ཚད་མཐོའི་འཕྲུལ་རིག་ལག་རྩལ་རང་མགོ་ཐོན་པ་ཞིག་འཁྱོངས་ཐབས་སུ་འགྲོ་གྲོན་གཏོང་དགོས་ཞེས་ནན་གྱིས་བརྗོད། བྷུ་རུ་ཀིང་སི་ཞིབ་འཇུག་ཁང་གིས་ཉམས་ཞིབ་པ་ཨོ་ཐར་ཁ་རོ་བེར་(Authur Kroeber)་གྱིས་རྒྱ་ནག་གི་འགོ་ཁྲིད་ཚོས་དཔལ་འབྱོར་དཀའ་ངལ་སེལ་རྒྱུ་ཡིན་ཞེས་སྐད་ཆ་སྟོང་པ་ཁག་ཅིག་བཤད་སྲིད། སྐབས་གསུམ་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ཐོག་ཏུ་དོན་དམ་གྱི་ཐག་གཅོད་ཅིག་འབྱུང་དཀའ་ཞེས་སྔོན་དཔག་བྱས་འདུག

གླེང་སྟེགས།

XS
SM
MD
LG