ཨ་རིའི་སྲིད་འཛིན་ཌོ་ནལ་ཊམ་གཞུང་འཛིན་ལྷན་ཁང་ནས་ཨ་རིའི་གཞུང་གི་ཕྱི་རྒྱལ་ལ་རོགས་དངུལ་ཆ་ཚང་བཀག་འགོག་གནང་བའི་རྗེས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་།རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཆེད་དུ་དམིགས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་བཅུ་ཕྲག་མང་པོ་ཞིག་གི་ལས་དོན་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་རེད།
རྒྱ་ནག་ལ་དམིགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་འདི་དག་ནས་ཞི་ཅིན་ཕིང་གི་སྲིད་དབང་འོག་ལ་རྒྱ་ནག་ནང་གི་གྲངས་ཉུང་མི་རིགས་དང་། ཐོབ་ཐང་སྲུང་སྐྱོབ་པ།ཁྲིམས་རྩོད་པ་བཅས་ལ་དམ་དྲག་གི་གནས་ཚུལ་ཁག་ཡིག་ཐོག་ཏུ་འགོད་ཀྱི་ཡོད་པས་ལོ་མང་པོའི་རིང་ཕྱི་ཕྱོགས་ནས་གནས་ཚུལ་ཤེས་རྟོགས་ཀྱི་འབྱུང་ཁུངས་གཙོ་བོ་དེ་ཡིན་པ་དང་།དཔེ་ན་ལོ་སྔོན་མ་ཡོ་རོབ་མཉམ་འབྲེལ་མཐུན་ཚོགས་ནས་བོད་དང་ཤར་ཏུ་ཀི་སི་ཐན་ནམ་(ཤིན་ཅང་)ཧོང་ཀོང་བཅས་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཧ་ཅང་ཛ་དྲག་ཅན་ཞིག་ཡིན་པར་སེམས་འཚབ་གསལ་སྟོན་གནང་ཡོད་པ་དང་།དེ་བཞིན་ཨ་རིའི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཐོག་ལ་དྲག་གནོན་གྱི་བྱ་སྤྱོད་སྤེལ་བཞིན་པར་སྐྱོན་བརྗོད་ཁག་གི་གཞི་འཛིན་ས་གཙོ་བོ་ཞིག་ཆགས་ཀྱི་ཡོད་པ་རེད།
རྒྱ་ནག་ལ་དམིགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོ་ཞིག་གིས་ཨ་རིའི་གཞུང་གིས་ཕྱིའི་རོགས་དངུལ་ཁག་མཚམས་འཇོག་གནང་ཀྱང་ཨ་རི་དང་རྒྱ་ནག་དབར་གྱི་འགྲན་རྩོད་ཀྱི་རྐྱེན་པས་ཁོང་ཚོར་གནོད་སྐྱོན་ཡོང་སྲིད་པའི་ རྣམ་རྟོག་བྱུང་མེད་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་དང་།དེ་ཡང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་རྒྱ་ནག་ཐད་ཀྱི་ལས་དོན་འགན་འཛིན་གཞོན་པ་མཱ་ཡ་ཝང་གིས་ང་ཚོ་ལྟ་བུའི་གཞུང་འབྲེལ་མིན་པའི་ཚོགས་པ་མང་པོས་ཨ་རིའི་གཞུང་ནས་རོགས་དངུལ་གཅོག་འཕྲི་གནང་ཀྱང་རྒྱ་ནག་གི་ལས་འཆར་ཁག་མུ་མཐུད་གནས་རྒྱུར་ཡིད་ཆེས་བྱུང་ཅེས་གསུངས་འདུག
ཡང་ཨ་རིའི་གཞུང་ནས་འགྲོ་གྲོན་བཀག་འགོག་བྱས་པའི་ཚོགས་པའི་ཁོངས་སུ་ཨ་རིའི་ནང་དུ་ཡོད་པའི་རང་དབང་ཁང་པ་ཟེར་བའི་ཚོགས་པ་དེ་ཡང་ཡོད་པས་ཚོགས་པ་དེ་ནི་ལོ་མང་རིང་ཐེ་ཝན་ནང་གི་ལས་བྱེད་དང་ལས་གཞི་ཁག་གི་ཐོག་ནས་རྒྱ་ནག་ནང་གི་གཞུང་དང་ལྟ་བ་མི་མཐུན་པའི་རྐྱེན་གྱིས་དྲག་གནོན་མྱོང་བཞིན་པ་ཚོའི་གནས་ཚུལ་ལ་རྟོག་ཞིབ་ཀྱིས་ཡིག་ཆར་བཀོད་དེ་འགྲེམས་སྤེལ་བྱེད་མཁན་ཞིག་ཡིན་ནའང་ད་ཆ་ལས་གཞི་ཆ་ཚང་མཚམས་འཇོག་བྱེད་དགོས་བྱུང་ཡོད་པ་དང་།ཚོགས་པ་དེར་ཕྱི་ལོ་༢༠༢༤ལོར་ཨ་རིའི་གཞུང་ནས་ཨ་སྒོར་ས་ཡ་༨༠རོགས་དངུལ་ཐོབ་ཡོད་པ་དེ་ནི་ཁོང་ཚོའི་ལོ་འཁོར་གྱི་ཡོང་འབབ་བརྒྱ་ཆ་༨༨%ཙམ་ཡིན་པ་དང་།་ཚོགས་པ་དེས་ཉེ་ཆར་རང་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་དང་གཞོན་སྐྱེས་ལས་མེད་ཀྱི་གྲངས་འབོར་མྱུར་པོར་འཕར་བཞིན་པའི་དཀའ་ངལ་སོགས་ལ་བརྟེན་ནས་ཕྱི་ལོ་ ༢༠༢༢ ནས་བཟུང་ངོ་རྒོལ་༧༠༠༠ལྷག་བྱུང་ཡོད་པ་དེ་ཚོར་གཞུང་ནས་དྲག་གནོན་བྱས་པའི་སྐོར་གྱི་སྙན་ཐོ་འདོན་སྤེལ་བྱས་ཡོད་པ་དེ་དག་ནི་གསར་འགོད་པ་དང་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ཞིབ་འཇུག་པ་ཚོར་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་རང་དབང་ཁང་པས་འགྲེལ་བརྗོད་གནང་ཡོད།་
གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་མིང་གི་ཐོག་ནས་ཨ་རིའི་གཞུང་གི་རོགས་དངུལ་ཐོབ་མཁན་ཚོགས་པ་ཁག་གི་འགྲོ་གྲོན་བཀག་འགོག་བྱས་པ་འདིས་འཛམ་གླིང་གང་སར་མང་ཚོགས་ཀྱི་ཐོབ་ཐང་སྲུང་སྐྱོབ་ལ་གནོད་སྐྱོན་ཚབས་ཆེན་བཟོ་ཡི་ཡོད་པ་རེད།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཝང་གིས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་རོགས་དངུལ་བཀག་འགོག་འདིས་རྒྱ་ནག་ལ་དམིགས་པའི་ཚོགས་པ་བཅུ་ཕྲག་མང་པོར་ཤུགས་རྐྱེན་ཐེབས་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད།
ཨ་རིའི་གཞུང་འབྲེལ་གྱི་གྲངས་ཐོ་ལྟར་ན། ཕྱི་ལོ་ ༢༠༢༤ ལོར་ཨ་རིའི་གཞུང་ནས་རྒྱ་ནག་གི་གནད་དོན་ཁག་གི་ཆེད་དུ་རོགས་དངུལ་ཨ་སྒོར་ས་ཡ་༡༠.༧གནང་རྒྱུའི་ཁས་ལེན་ཡོད་པ་དང་།རོགས་དངུལ་དེ་དག་མང་ཆེ་བ་ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ལས་ཁུངས་USAIDབརྒྱུད་ནས་གནང་གི་ཡོད་ཅིང་དངུལ་འབོར་དེའི་ཕྱེད་ཀ་ཙམ་སྟེ་ཨ་སྒོར་ས་ཡ་ ༥.༢ཙམ་ནི་དམངས་གཙོ་དང་།
འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ལས་གཞིར་བཏང་ཡོད་པ་རེད། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོའི་ཆེད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་ཆེ་བས་རྒྱུན་དུ་ཁོང་ཚོའི་འགྲོ་གྲོན་ཁག་གང་ནས་ཡིན་མིན་གསལ་པོ་བརྗོད་ཀྱི་མེད་པ་དང་དེ་ནི་རྒྱ་ནག་གཞུང་གི་དོགས་པ་སེལ་ཆེད་དུ་ཡིན་པ་རེད།
སྲིད་འཛིན་ཌམ་གྱིས་ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ལས་ཁུངས་USAID གི་འཛིན་སྐྱོང་བྱེད་ཕྱོགས་ལ་སྐྱོན་བརྗོད་ཀྱིས་ཉིན་གྲངས་༩༠རིང་འཛམ་གླིང་ཡོངས་ལ་རོགས་དངུལ་མཚམས་འཇོག་གིས་བསྐྱར་ཞིབ་གནང་བཞིན་ཡོད་པ་དང་གོམ་སྟབས་འདི་ནི་དབུས་གཞུང་གི་འགྲོ་གྲོན་དང་ལས་བྱེད་ཉུང་དུ་གཏོང་རྒྱུའི་འབད་བརྩོན་གྱི་ཆ་ཤས་ཤིག་ཡིན་པ་རེད།
སྲིད་འཛིན་ཊམ་གཞུང་འཛིན་ལྷན་ཁང་ནས་རོགས་དངུལ་མཚམས་འཇོག་གི་དུས་ཡུན་རྫོགས་སྐབས་རོགས་དངུལ་འགའ་ཤས་བསྐྱར་གསོ་བྱེད་སྲིད་པ་གསུངས་ཡོད་ནའང་།གང་ཞིག་བསྐྱར་གསོའི་ནང་ཚུད་མིན་སོགས་གསལ་པོ་མེད་པས་རྒྱ་ནག་ལ་དམིགས་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་མང་པོས་རོགས་དངུལ་གཞན་འཚོལ་བ་དང་།ཨ་རིར་གཙོ་བོ་བརྟེན་པའི་ཚད་གཞི་ཉུང་དུ་གཏོང་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་པའི་སྐོར་རོ་ཌེ་སེ་གསར་ཁང་གིས་གནས་ཚུལ་སྤེལ་འདུག
རྒྱ་ནག་གཞུང་གིས་ཡུན་རིང་ནས་ཨ་རིའི་རྒྱལ་སྤྱིའི་འཕེལ་རྒྱས་ལས་ཁུངས་USAIDདང་ཨ་རིའི་གྲོས་ཚོགས་ཀྱིས་མ་དངུལ་གནང་བའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ལ་སྐྱོན་བརྗོད་ཀྱིས་ཚོགས་པ་དེ་དག་ནས་རྒྱ་ནག་ནང་གཞུང་ལ་ངོ་རྒོལ་གྱི་གསར་བརྗེ་སློང་ཐབས་བྱེད་ཀྱི་ཡོད་པར་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་རེད།།།
གླེང་སྟེགས།