ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༩/༠༨

ཐེ་ཝན་གྱི་འོས་བསྡུའི་སྔོན་འདིར་རྒྱ་ནག་གི་འཇིགས་སྐུལ་ཤུགས་ཇེ་ཆེ།


༄༅།། ཐེ་ཝན་གྱི་སྲིད་འཛིན་དང་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་རྣམས་འོས་འདེམས་མ་བྱས་པའི་སྔོན་འདིར་རྒྱ་ནག་གིས་དམག་སྦྱོང་བྱས་ནས་འཇིགས་སྐུལ་བྱ་རྒྱུ་ཤུགས་ཆེ་རུ་བཏང་ཡོད་ཅིང་། ཕྱི་ཟླ་དང་པོའི་ཚེས་༣་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་བ་འདིའི་ཕྱི་ཚེས་༡༣་ཉིན་ཐེ་ཝན་ལ་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་འོས་འདེམས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཞིས་ཅིན་ཕིང་གིས་ཕྱི་ལོ་གསར་པའི་གཏམ་བཤད་ནང་དུ་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་རྒྱུ་ནི་ལྡོག་ཏུ་མེད་པ་ཞིག་ཡིན་ཞེས་བསྐྱར་དུ་བཟློས། ཐེ་ཝན་གྱི་གོ་མིན་ཏང་དང་ཐེ་ཝན་མི་དམངས་ཚོགས་པ་གཉིས་ཀྱི་སྲིད་འཛིན་འོས་མི་ཟུང་གིས་ཀྱང་གཞུང་འཛིན་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལེ་ཆིང་ཏེ་འདེམས་ཐོན་བྱུང་ན་དམག་འཁྲུག་ལང་གི་རེད་ཅེས་བསྒྲགས། ཉམས་ཞིབ་པ་ཁག་ཅིག་གིས་ཐེ་ཝན་ལ་འཇིགས་སྐུལ་བྱ་རྒྱུ་ནི་རྒྱ་ནག་གི་ཐབས་ཇུས་རྙིང་པ་ཞིག་རེད། རྒྱ་ནག་གིས་ཅི་ཙམ་སྡིགས་ར་བསྐུལ་ན་ཐེ་ཝན་མི་དམངས་ནས་རང་བཙན་གྱི་ལྟ་བ་འཛིན་པའི་སྲིད་འཛིན་འོས་མི་ཞིག་དང་གྲོས་ཚོགས་འཐུས་མི་ཚོར་འོས་ཤོག་འཕེན་གྱི་རེད་ཅེས་བཀྲལ།།

ཐེ་ཝན་གྱི་རྒྱལ་སྤྱིའི་སྤྱི་མཐུན་ཞིབ་འཇུག་ཁང་གི་ཕྱིའི་བཙན་ཤུགས་བཀག་འགོག་ཚན་པའི་སློབ་སྟོན་པ་མེ་ཀེལ་ཀོལ་
ཐེ་ཝན་གྱི་རྒྱལ་སྤྱིའི་སྤྱི་མཐུན་ཞིབ་འཇུག་ཁང་གི་ཕྱིའི་བཙན་ཤུགས་བཀག་འགོག་ཚན་པའི་སློབ་སྟོན་པ་མེ་ཀེལ་ཀོལ་

ཐེ་ཝན་གྱི་རྒྱལ་སྤྱིའི་སྤྱི་མཐུན་ཞིབ་འཇུག་ཁང་གི་ཕྱིའི་བཙན་ཤུགས་བཀག་འགོག་ཚན་པའི་སློབ་སྟོན་པ་མེ་ཀེལ་ཀོལ་གྱིས་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ན། རྒྱ་ནག་གིས་ཐེ་ཝན་གྱི་འོས་བསྡུའི་སྐབས་དང་འོས་འདེམས་ཀྱི་བར་མཚམས་ཁག་ཏུ་མཚོ་གླིང་དེར་ཞི་དྲག་གཉིས་ཀྱི་སྲིད་ཇུས་ཤིག་འཛིན་གྱི་འདུག ཐེ་ཝན་ལ་འཇིགས་སྐུལ་བྱས་ནས་སྐྲག་ཏུ་འཇུག་ཐབས་དང་འཇམ་པོ་བྱས་ནས་བློ་ཁ་འགུགས་ཐབས་བྱེད་ཀྱི་འདུག ད་ལོ་ཡང་རྒྱ་ནག་གིས་ཐེ་ཝན་ལ་ཞི་དྲག་གཉིས་ཀྱི་སྲིད་ཇུས་ཤིག་འཛིན་ཤས་ཆེ། པེ་ཅིང་གི་དབང་འཛིན་པ་ཚོས་མཚོ་འགག་ཕྱོགས་གཉིས་ཀྱི་རྒྱ་ནག་པ་ཚོས་ཐུན་མོང་གི་མངོན་འདོད་བསྒྲུབ་དགོས། རྒྱ་མི་རིགས་ཀྱི་མངའ་ཐང་བསྐྱར་དར་ལ་མཉམ་རོལ་བྱ་དགོས་ཞེས་སྒྲོགས་ཀྱི་འདུག རྒྱ་ནག་གི་ཐེ་ཝན་ལས་དོན་ལྷན་ཁང་གིས་ཀྱང་མཚོ་གླིང་དེའི་མང་ཚོགས་ལ་མཚོ་འགག་ཕྱོགས་གཉིས་ཞི་བའི་སྒོ་ནས་གཅིག་གྱུར་བྱ་རྒྱུར་འབད་བརྩོན་བྱོས། གཅིག་གྱུར་ནི་མཚོ་འགག་ཕྱོགས་གཉིས་ཀྱི་རེ་འདུན་ཡིན་པའི་སྐུལ་སློང་བྱེད་ཀྱི་འདུག་ཅེས་བསྟན།།

རྒྱ་ནག་གིས་མཚོ་འགག་ཕྱོགས་གཉིས་གཅིག་གྱུར་བྱ་དགོས་ཞེས་ངར་སྐད་བསྒྲགས་པའི་ཞོར་དུ་ཐེ་ཝན་གྱི་མཚོ་ཁོངས་དང་མཁའ་དབྱིངས་སུ་གནམ་མཚོ་གཉིས་ནས་དཔུང་འཛུལ་བྱས་ཏེ་སྡིགས་ར་བསྐུལ། ད་དུང་ཐེ་ཝན་གྱི་མཁའ་དབྱིངས་སུ་ལྒང་བུ་བཏང་ནས་དངངས་སྐྲག་བསླངས། ཐེ་ཝན་གྱི་རྒྱལ་སྲུང་ལྷན་ཁང་ནས་རྒྱ་ནག་གི་གནམ་གྲུ་དང་དམག་གྲུ་མང་པོ་ཐེ་ཝན་གྱི་ཉེ་འཁོར་དུ་གཏོང་གི་འདུག ཕྱི་ཟླ་དང་པོའི་ཚེས་༡་ནས་རྒྱ་ནག་གི་གསང་ཉུལ་ལྒང་བུ་༦་ཐེ་ཝན་གྱི་མཁའ་དབྱིངས་སུ་བཏང་ཡོད་པར་མ་ཟད། ལྒང་བུ་༤་ཐེ་ཝན་གྱི་སྟེང་དུ་ལྡིང་སྐོར་རྒྱག་གི་འདུག་ཅེས་གསལ་བསྒྲགས་སྤེལ། ཉམས་ཞིབ་པ་ཁག་ཅིག་གིས་རྒྱ་ནག་ནས་ལྒང་བུ་གཏོང་གི་ཡོད་པ་ནི་ཐབས་ཇུས་གསར་པ་ཞིག་རེད། ཟླ་བ་སྔོན་མ་ནས་རྒྱ་ནག་གིས་ཐེ་ཝན་གྱི་མཁའ་དབྱིངས་སུ་ལྒང་བུ་གཏོང་རྒྱུ་འགོ་ཚུགས་སོང་། ལྒང་བུ་དེ་རྣམས་མཐོ་ཚད་ཧྥི་ཁྲུ་༡༢༠༠༠་ནས་༢༠༠༠༠་ཡས་མས་ཀྱི་བར་སྣང་དུ་ཡོད་པས་འགྲུལ་སྐྱེལ་གནམ་གྲུ་སོགས་ལ་གདོང་ཐུག་རྒྱག་སྲིད། དེ་ནི་འགན་འཁྲི་མི་ལེན་པའི་སྤྱོད་པ་ཞིག་རེད་ཅེས་སྐྱོན་བཙུགས།།

ཐེ་པེ་རྒྱལ་སྲུང་དང་བདེ་འཇགས་ཞིབ་འཇུག་ཁང་གི་ཉམས་ཞིབ་པ་སུ་ཙི་ཡོན་ནས་རྒྱ་ནག་གིས་ལྒང་བུ་གཏོང་གི་ཡོད་པ་ནི་ཐེ་ཝན་མི་དམངས་ལ་ཁྱེད་ཚོའི་མཁའ་དབྱིངས་སུ་དཔུང་འཛུལ་བྱེད་ཐུབ་ཀྱི་ཡོད་ཟེར་བའི་གོ་དོན་རེད་ཅེས་བཤད། གཟའ་མིག་དམར་ཉིན་ཐེ་ཝན་ལྷོ་ཕྱོགས་ཀྱི་མཚོ་ཁོངས་སུ་རྒྱ་ནག་གི་འཐེན་གྲུ་ཁག་ཅིག་དཔུང་འཛུལ་བྱས་ཏེ་ཐེ་ཝན་གྱི་སྲུང་ཉེན་རྟོག་པས་མཐར་སྐྲོད་བཏང་ཞིང་། ༡༩༩༦་ལོར་ཐེ་ཝན་ལ་དམངས་གཙོའི་འོས་བསྡུ་ཐོག་མ་བྱས་པའི་སྐབས་སུ་རྒྱ་ནག་གིས་འཕུར་མདེལ་ཚོད་ལྟ་བྱས་ནས་དམག་འཁྲུག་གི་གྲབས་བཤམས། ཐེ་ཝན་མི་དམངས་ཀྱིས་ལི་ཏིང་ཧུའི་ལ་འོས་ཤོག་འཕངས་ནས་རྒྱལ་ཁ་ཐོབ། དེའི་རྗེས་སུ་རྒྱ་ནག་གིས་སླར་ཡང་ཐེ་ཝན་གྱི་འོས་བསྡུར་དམིགས་ནས་འཇིགས་སྣང་བསྐུལ། ཐེ་ཝན་མི་དམངས་ཀྱིས་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་ཁྲེན་ཧྲུའི་པེན་སྲིད་འཛིན་ལ་བདམས། ༢༠༠༨་ནས་༢༠༡༦་བར་དུ་གོ་མིན་ཏང་གི་འགོ་ཁྲིད་མ་དབྱིན་ཇུག་གིས་སྲིད་དབང་བཟུང་མོད། འོན་ཀྱང་༢༠༡༦་ནས་༢༠༢༤་བར་དུ་ཚེ་དབྱིན་ཝེན་སྲིད་འཛིན་ལ་བདམས་ནས་ཆབ་སྲིད་བསྐྱངས།།

སན་ཊི་ཐོ་མ་སི་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་པ་ཡའོ་ཡོན་ཡེས་
སན་ཊི་ཐོ་མ་སི་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་པ་ཡའོ་ཡོན་ཡེས་

ཨ་རིའི་ཊེཀ་སེ་སི་མངའ་སྡེའི་སན་ཊི་ཐོ་མ་སི་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་པ་ཡའོ་ཡོན་ཡེས་()་ཨ་རིའི་རླུང་འཕྲིན་ཁང་ལ་བཤད་པ་ལྟར་ན། རྒྱ་ནག་གིས་ཐེ་ཝན་ལ་དྲག་པོ་བྱས་ན་ཕན་ཐོགས་མེད་པ་དང་རྩུབ་སྤྱོད་དེས་ཐེ་ཝན་ལ་རྒྱ་ནག་གི་ཕྱོགས་གཏོགས་སྲིད་འཛིན་ཤིག་འདེམས་ཐུབ་ཀྱི་མེད་པ་ངོས་ཟིན་གྱི་མི་འདུག ༢༠༢༤་ལོའི་ཐེ་ཝན་གྱི་སྲིད་འཛིན་འོས་བསྡུའི་རྩ་དོན་ནི་མཚོ་འགག་ཕྱོགས་གཉིས་ཀྱི་འབྲེལ་བ་ཇི་ལྟར་འཛིན་དགོས་པ་དེ་མིན་པར་ལྐོག་ཟ་རུལ་སུངས་ཐེར་འདོན་རེད། རྒྱ་ནག་གིས་གནོན་ཤུགས་སྤྲད་ནས་ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་དམངས་གཙོ་ཡར་ཐོན་ཚོགས་པའི་འོས་མི་མ་ཡིན་པ་རྣམས་ཐོབ་ཐབས་བྱེད་ཀྱི་འདུག ཐེ་ཝན་གཞུང་ནས་མཚོ་གླིང་དེའི་མི་དམངས་ལ་རང་གི་དམངས་གཙོའི་འོས་བསྡུར་རྒྱ་ནག་གིས་ཐེ་ཇུས་བྱེད་ཀྱི་ཡོད་པ་ར་སྤྲད། རྒྱ་ནག་མི་དམངས་ལའང་ཐེ་ཝན་གྱི་འོས་བསྡུ་དང་རྒྱ་ནག་གི་ཐེ་ཇུས་རྣམས་ངོ་འཕྲོད་དུ་འཇུག་གི་འདུག ཐེ་ཝན་མི་དམངས་ནས་རྒྱ་ནག་གིས་འཇིགས་སྐུལ་བྱེད་ཀྱི་ཡོད་པ་ཤེས་ཀྱི་ཡོད་ཀྱང་འཇིགས་སྐུལ་འོག་ཏུ་ཚུད་ཀྱི་མི་འདུག་ཅེས་འགྲེལ་བརྗོད་བྱས་འདུག

ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤཱེས་
ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤཱེས་

ཕྱི་ཟླ་དང་པོའི་ཚེས་༤་ཉིན་རོ་ཡེ་ཊར་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤཱེས་རྒྱ་ནག་གིས་ཐེ་ཝན་གྱི་འོས་བསྡུར་ཐེ་ཇུས་བྱེད་ཀྱི་ཡོད་པའི་དཔང་རྟགས་ཕྱོགས་སྒྲིག་བྱེད་ཀྱི་ཡོད། སྲིད་འཛིན་དང་གྲོས་ཚོགས་འཐུས་མི་རྣམས་འོས་བསྡུ་བྱས་པའི་རྗེས་སུ་རྒྱལ་སྤྱིའི་མཁས་པ་ཚོར་གྲོས་སྡུར་བྱས་ནས་སྙན་ཐོ་འདོན་འཆར་ཡོད། རྒྱ་ནག་གིས་དམག་དང་དཔལ་འབྱོར། ཐེ་ཝན་གྱི་ས་གནས་ཁག་གི་ལས་སྣེ་ཚོར་ཁེ་སང་སྤྲད་ནས་སྐམ་ས་ཆེན་མོར་ལྟ་སྐོར་དུ་ཁྲིད། རྒྱ་ནག་གིས་འཁྱོག་བཤད་དང་ལོག་བཤད་བྱས་ནས་ཐེ་ཝན་མི་མང་འོས་ཤོག་འཕེན་མཁན་ཚོའི་བློ་ཁ་སྒྱུར་ཐབས་བྱེད་ཀྱི་ཡོད་པའི་དཔང་རྟགས་མང་པོ་ཡོད། གལ་སྲིད་རྒྱ་ནག་གིས་ཐེ་ཝན་གྱི་འོས་བསྡུར་ཐེ་ཇུས་བྱས་ནས་པེ་ཅིང་གི་འདོད་མོས་ལྟར་གྲུབ་འབྲས་ཐོན་ཚེ། དམངས་གཙོའི་རྒྱལ་ཁབ་གཞན་ཁག་གི་འོས་བསྡུ་ལའང་རྒྱ་ནག་གིས་ཐེ་ཇུས་བྱས་ནས་འོས་བསྡུའི་གྲུབ་འབྲས་དང་རྒྱལ་སྤྱིའི་སྒྲིག་སྲོལ་ལ་འགྱུར་བ་གཏོང་རྒྱུ་ཉག་གཅིག་རེད་ཅེས་ཉེན་བརྡ་བཏང་འདུག

ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཝུ་ཀྲའོ་ཤཱེས་མུ་མཐུད་དུ་བཤད་པ་ལྟར་ན། ཁོ་ཚོས་ཐེ་ཝན་གྱི་འོས་བསྡུའི་ཉམས་མྱོང་རྣམས་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་གཞི་རྩར་བཟུང་བའི་རྒྱལ་སྤྱིའི་སྒྲིག་སྲོལ་སྲ་བརྟན་གཏོང་བའི་ལེགས་སྐྱེས་དང་དམངས་གཙོའི་ལམ་ལུགས་སྲུང་སྐྱོབ། བཙན་དབང་ལམ་ལུགས་ལ་འཐབ་རྒོལ་བྱེད་པའི་སྟོབས་ཤུགས་ཤིག་ཏུ་སྒྱུར་ཐབས་བྱེད་ཀྱི་ཡོད། ང་ཚོར་དམངས་གཙོའི་ལམ་ལུགས་ལ་རྒྱལ་ཁ་འཐོབ་རྒྱུའི་ཡིད་ཆེས་ཡོད། རྒྱ་ནག་གིས་སྐྱུག་བྲོ་བའི་ཐ་ཤལ་གྱི་བྱ་ཐབས་དེ་རྣམས་ཅི་ཙམ་ལག་ལེན་བསྟར་ན་དེ་ཙམ་གྱིས་རྒྱ་ནག་འཕྱ་སྨོད་བྱ་ཡུལ་ཞིག་ཏུ་འགྱུར་རྒྱུ་རེད། ཐེ་ཝན་གྱིས་རྒྱ་ནག་གི་བཙན་དབང་ལམ་ལུགས་རྒྱ་སྐྱེད་ལ་འགོག་རྒོལ་བྱས་ནས་མདུན་སར་ཐོན་ཡོད། འཛམ་གླིང་གི་དམངས་གཙོའི་རྒྱལ་ཁབ་ཁག་གི་འོས་བསྡུར་རྒྱ་ནག་གིས་ཐེ་ཇུས་བྱ་རྒྱུ་ཡིན་པར་དོགས་ཟོན་བྱ་དགོས་ཞེས་དངུལ་རྩའི་ཚགས་པར་གྱི་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཐེ་ཝན་གྱི་སྲིད་འཛིན་དང་གྲོས་ཚོགས་འཐུས་མིའི་འོས་བསྡུ་དེར་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གཞུང་གིས་ཐེ་ཝན་གྱི་འོས་བསྡུ་ནི་ཞི་བདེ་དང་དམག་འཁྲུག་གི་གདམ་ཀ་ཞིག་རེད། ཐེ་ཝན་མི་མང་གིས་གོ་མིན་ཏང་དང་ཐེ་ཝན་མི་དམངས་ཚོགས་པའི་སྲིད་འཛིན་འོས་མི་གང་རུང་ལ་འོས་ཤོག་འཕངས་ན་ཞི་བདེ་འབྱུང་ཐུབ། དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལེ་ཆིང་ཏེ་དང་སྲིད་འཛིན་གཞོན་པའི་འོས་མི་ཞའོ་མི་ཆིང་གཉིས་ལ་འོས་ཤོག་འཕངས་ན་མཚོ་འགག་ཕྱོགས་གཉིས་བར་དུ་དམག་འཁྲུག་ལང་གི་རེད་སྐྲག་འཇིགས་བསླངས། ཐེ་ཝན་གྱི་གསར་འགྱུར་ལས་ཁང་ཁག་དང་ཞིབ་འཇུག་ལས་ཁུངས་ཁག་གིས་མང་ཚོགས་ལ་བསམ་ཚུལ་དྲིས་པའི་གྲུབ་འབྲས་ལྡན་ན། དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ལེ་ཆིང་ཏེ་ལ་མི་མང་འོས་ཤོག་འཕེན་མཁན་མང་བ་ཡོད་པའི་རྣམ་པ་ཞིག་ཐོན། ཁ་སྔོན་ཕྱི་ཟླ་༡༢་པའི་ཚེས་༢༧་ཉིན་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པས་རང་བཙན་གྱི་ལངས་ཕྱོགས་རྒྱུན་འཁྱོངས་ན་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་ཡིན། རྒྱ་ནག་གིས་དམག་འཁྲུག་རྒྱག་དགོས་ཀྱང་འཛེམ་ཟོན་མེད་ཅེས་ཁྱབ་བསྒྲགས་བྱས་འདུག

གླེང་སྟེགས།

XS
SM
MD
LG