རྒྱ་ནག་གཞུང་གིས་བདེ་འཇགས་དོ་དམ་གྱི་ཁྲིམས་གསར་བ་དེའི་ཐད་ལ་མི་མང་གི་བསམ་ཚུལ་བསྡུ་ལེན་བྱེད་བཞིན་ཡོད་ཚུལ་བསྒྲགས་མོད། དེ་ནི་ནུབ་ཕྱོགས་པར་ལད་ཟློས་ངང་དྲིལ་བསྒྲགས་ཀྱི་དགོས་མཁོ་ཙམ་གྱི་ཆེད་དུ་ཡིན་པ་ལས། མི་མང་གི་བསམ་ཚུལ་ཅི་ཞིག་བཤད་ཀྱང་ཁྱད་པར་མེད་པ་ཉམས་ཞིབ་པ་ཚོས་ངོས་འཛིན་གནང་བཞིན་འདུག་ལ། གཞན་ཡང་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་དུ་ཀྲུང་ཧྭ་མི་རིགས་ཀྱི་བརྩེ་སེམས་དང་ཀྲུང་ཧྭ་མི་རིགས་ཀྱི་བསམ་བློ་ཞེས་པའི་ཐ་སྙད་ཁ་གསལ་མེད་པ་ཞིག་ཁྲིམས་ཡིག་ནང་དུ་འཁོད་ཡོད་པ་རེད།
གཟའ་འཁོར་སྔོན་མར་རྒྱ་ནག་གཞུང་གིས་བདེ་འཇགས་དོ་དམ་གྱི་བཅའ་ཁྲིམས་གསར་བའི་འཆར་ཟིན་དོན་ཚན་༡༤༠་ལྷག་ཅན་ཞིག་ཕྱི་བསྒྲགས་བྱས་ཤིང་། དེའི་ཐད་ལ་ཡོངས་གྲགས་ཀྱིས་མི་མང་གི་བསམ་འཆར་བསྡུ་ལེན་བྱེད་བཞིན་པ་ལས་རྒྱ་ནག་གི་ཁྲིམས་ལུགས་ཆེད་མཁས་པ་དང་ཁྲིམས་རྩོད་པ། དགེ་རྒན་ཆེན་མོ་སོགས་ཀྱིས་
ཁྲིམས་ཡིག་དོན་ཚན་༣༤་བར་འཁོད་པའི་ཀྲུང་ཧྭ་མི་རིགས་ཀྱི་བསམ་བློ་ལ་དོ་ཕོག་གཏོང་བ་དང་ཚོར་བ་ལ་རྨ་ཁ་བཟོ་མི་ཆོག་དང་དོ་ཕོག་གཏོང་མི་ཆོག་ཅེས་པའི་ཁྲིམས་ཡིག་ཁ་གསལ་མེད་པ་འདི་ལ་སྐྱོན་བརྗོད་བྱེད་བཞིན་འདུག་ལ། འདི་ནི་ད་ལྟའི་ཆར་རྒྱ་ནག་གི་དྲ་ལམ་དུ་མི་མང་གིས་གླེང་སློང་ཆེན་པོ་བྱེད་བཞིན་པའི་གནད་དོན་ཞིག་ཡིན་པ་མ་ཟད། བསམ་ཚུལ་འབུམ་གཅིག་ལས་མང་བ་ཡར་སྤྲོད་བྱེད་ཡོད་པ་མཐོང་ཐུབ།
སི་པན་དུ་རྟེན་གཞི་བྱེད་ཡོད་པའི་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་ཐེངས་འདིའི་རྒྱ་ནག་གི་བདེ་འཇགས་དོ་དམ་གྱི་ཁྲིམས་གསར་གསར་བ་དེའི་ཐད་ལ་རྒྱ་ནག་ནང་དོ་སྣང་དང་བགྲོ་གླེང་ཞུ་བཞིན་པར་དོ་སྣང་བྱུང་འདུག ཁོང་གིས་རྒྱ་ནག་གི་ཁྲིམས་ལུགས་ཆེད་མཁས་པ་ཚོས་ཁྲིམས་ཡིག་དོན་ཚ་༣༤་བར་སྐྱོན་བརྗོད་བྱེད་དོན་གཙོ་བོ་གང་ཡིན་པའི་སྐོར་ལ་ངོ་སྤྲོད་གནང་དོན། དོན་ཚན་༣༤་དེའི་ནང་གསེས་ལ་དོན་ཚན་དྲུག་འདུག དེའི་ནང་གི་གནད་འགག་ཆེ་ཤོས་དེ་དོན་ཚན་གཉིས་པ་དང་གསུམ་པ་རེད། དེ་མིན་བཞི་བ་དེ་ཡང་ཆགས་བཞིན་འདུག དོན་ཚན་གཉིས་པའི་ནང་ལ་མི་མང་འཛོམས་སའི་ཁོར་ཡུག་དེ་འདྲ་ནས་རྒྱ་མི་རིགས་ཀྱི་བརྩེ་སེམས་དང་བསམ་བློ་ལ་གནོད་པའི་གྱོན་པ་གྱོན་ཆོག་གི་མེད་ཅེས་པ་འདི་རེད། སྤྱིར་བརྩེ་སེམས་དང་ཚོར་བ་ཟེར་བ་འདི་ཚོར་ཁྲིམས་ཐོག་ཏུ་ཚད་གཞི་ཞིག་མེད། སྤྱིར་རྒྱ་ནག་གི་ཁྲིམས་ལ་ཚད་གཞི་ཡོད་མ་རེད། གང་དུ་འཐེན་ཆོག་ཆོག་འདྲ་བོ་རེད། ཡིན་ན་ཡང་ད་རེས་ཀྱི་འདི་གླེང་སློང་བྱེད་དགོས་པ་ཞིག་ཆགས་ཀི་ཡོད་རེད། ཀྲུང་ཧྭ་མི་རིགས་ཀྱི་བསམ་བློ་དང་ཀྲུང་ཧྭ་མི་རིགས་ཀྱི་བརྩེ་སེམས་ལ་གནོད་པ་བྱེད་པའི་གྱོན་པ་ཞེས་ཞུ་དུས་གང་འདྲ་ཞིག་ལ་གོ་དགོས་པའི་ཚད་གཞི་ག་རེ་ཡིན་པ་གསལ་བོ་གཅིག་ཀྱང་མེད། ཅེས་དང་། ཡང་གནད་འགག་གཉིས་པ་དེ་ནི་དོན་ཚན་གསུམ་པ་དེ་རེད། དོན་ཚན་གསུམ་པའི་ནང་དུ་ཀྲུང་ཧྭ་མི་རིགས་ཀྱི་བསམ་བློ་དང་ཀྲུང་ཧྭ་མི་རིགས་ཀྱི་བརྩེ་སེམས་ལ་གནོད་པ་སྐྱེལ་བའི་དྲིལ་བསྒྲགས་བྱ་མི་ཆོག་པ། དེ་འདྲའི་དངོས་པོ་དང་དེ་འདྲའི་གཏམ་བཤད་སྤེལ་མི་ཆོག་པ་ཞེས་པ་འདི་རེད། འདི་ལ་ཡང་ཚད་གཞི་གང་ཡང་མེད། སུ་ཡི་བསམ་བློ་དང་སུ་ཡི་བརྩེ་སེམས་ལ་ཟེར་གི་ཡོད་པར་ཚད་གཞི་གཅིག་ཀྱང་མེད། དམངས་གཙོ་ཡང་དག་པ་དང་རྒྱལ་ཁབ་ཚད་ལྡན་ཞིག་གི་ཁྲིམས་ཀྱི་ནང་ལ་འདིའི་རིགས་བཅའ་ཁྲིམས་སུ་ཡོང་མ་ཤེས་པ་ཞིག་ཆགས་ཀི་ཡོད། དེ་ནས་དོན་ཚན་བཞི་བའི་ནང་གི་གནད་དོན་གཅིག་སྔོན་མ་ནས་ལག་བསྟར་བྱེད་བཞིན་པ་རེད། ལྷག་པར་དུ་བོད་པའི་སྒང་ལ་བེད་སྤྱོད་མང་པོ་བྱེད་བསྡད་ཡོད། དེ་ནི་བསྙད་བརྐོ་ཟིང་སློང་ཟེར་བ་དེ་རེད། འདི་ལ་ཡང་ཚད་གཞི་གསལ་བོ་ཞིག་མེད། བསྙད་བརྐོ་བ་ཟེར་བ་ག་རེ་ཡིན། ཟིང་སློང་བ་ཟེར་བ་ག་རེ་ཡིན། ཞེས་འགྲེལ་བརྗོད་གནང་སོང་།
ཡང་རྒྱ་ནག་གཞུང་གིས་ད་ལྟའི་བདེ་འཇགས་དོ་དམ་གྱི་བཅའ་ཁྲིམས་གསར་བ་འདིའི་ནང་ལ་ཀྲུང་ཧྭ་མི་རིགས་ཀྱི་བརྩེ་སེམས་དང་ཀྲུང་ཧྭ་མི་རིགས་ཀྱི་བསམ་བློ་ཞེས་པ་དེའི་ནང་གི་ཀྲུང་ཧྭ་མི་རིགས་ཞེས་པ་དེའི་ཁྱབ་ཁོངས་གང་འདྲ་ལ་ངོས་འཛིན་བྱེད་དགོས་སམ་ཞེས་བཀའ་འདྲི་ཞུ་སྐབས། སངས་རྒྱས་ལགས་ཀྱིས་ལན་དུ། ཀྲུང་ཧྭ་མི་རིགས་ཟེར་བ་ཞིག་ཡོད་མ་རེད། ཧན་མི་རིགས་ཟེར་བ་འདི་བེད་སྤྱོད་མི་གཏོང་རྒྱུའི་ཆེད་དུ་ད་ལྟ་རྒྱ་ནག་དམར་ཤོག་གཞུང་གི་དབང་བསྒྱུར་འོག་ཡོད་པ་སྟེ་བོད་མི་གཙོ་བྱེད་པའི་མི་རིགས་ཚང་མ་ཕྱོགས་གཅིག་ལ་བསྡུ་རྒྱུའི་ཆེད་དུ་མངོན་གསལ་མེད་པའི་གཅིག་སྡུད་ཀྱི་མིང་གསར་བ་ཞིག་སྟེ། ཀྲུང་ཧྭ་མི་རིགས་ཟེར་བ་ཞིག་བེད་སྤྱོད་བྱེད་བཞིན་པ་རེད། ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་ཐ་སྙད་འདི་འདྲ་ཞིག་བེད་སྤྱོད་བཏང་བ་རེད། འདིའི་ནང་དུ་རྒྱ་ནག་དམར་ཤོག་གཞུང་གིས་ད་ལྟ་དབང་བསྒྱུར་འོག་ཡོད་པའི་མི་རིགས་ཚང་མ་ཚུད་གི་ཡོད་པ་རེད། དེའི་རྐྱེན་གྱིས་སྒང་གི་དོན་ཚན་དེའི་སྒང་ལ་འགལ་བ་ཆེན་པོ་ཞིག་ཡོད་པ་རེད། ལོ་རྒྱུས་ཁྲོད་དུ་རྒྱ་མི་རིགས་ཀྱི་དཔའ་བོ་ཡིན་ན་བོད་མི་རིགས་ཀྱི་དགྲ་ཆགས་ཀི་ཡོད། བོད་མི་རིགས་ཀྱི་དཔའ་བོ་དང་སོག་པོ་མི་རིགས་ཀྱི་དཔའ་བོ་ཡིན་ན་རྒྱ་མི་རིགས་ཀྱི་དགྲ་དང་། རྒྱ་མི་རིགས་ལ་དཀའ་ངལ་ཆེན་པོ་སྤྲོད་མཁན།་མི་མང་པོ་བསད་མྱོང་མཁན། དབང་བསྒྱུར་བྱས་མཁན་དེ་འདྲ་ཡོད་སྲིད་ཀི་རེད། དེ་ཡིན་དུས་ཀྲུང་ཧྭ་མི་རིགས་ཟེར་བ་ནི་རྒྱ་ནག་དམར་ཤོག་གཞུང་གི་དགོས་མཁོའི་ཆེད་དུ་མི་རིགས་གཅིག་སྡུད་ཆེད་དུ་ཐ་སྙད་བེད་སྤྱོད་བཏང་བ་ཞིག་རེད་ཅེས་གསུང་སོང་།
ཡང་སངས་རྒྱས་སྐྱབས་ལགས་ཀྱིས་བརྗོད་ན་རྒྱ་ནག་གཞུང་ལ་ཁྲིམས་སྐྱོང་གི་སྒྲིག་འཛུགས་མེད་པ་དང་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་དེ་ཁྲིམས་ཀྱི་སྒང་དུ་ཡོད་པ་ཞིག་ཡིན་པས། རྒྱ་ནག་གཞུང་གིས་ཁྲིམས་གང་འདྲ་ཞིག་བཟོས་ན་ཡང་ཁྲིམས་དེ་རྒྱ་ནག་དམར་ཤོག་གི་དགོས་མཁོ་དང་མ་མཐུན་ཚེ་ཁྲིམས་གང་རུང་ཡང་ལག་བསྟར་བྱེད་བཞིན་མེད་པ། སྤྱིར་རྒྱ་ནག་གཞུང་གིས་བདེ་འཇགས་དོ་དམ་གྱི་བཅའ་ཁྲིམས་ལ་དོན་ཚན་༡༩་ཡོད་པ་དང་། ད་ལྟ་ཁ་སྣོན་དང་བསྐྱར་བཅོས་ལ་ཁྲིམས་དོན་ཡིག་ཆ་༡༤༤་ཡོད་པ་རེད་ལ། བོད་མི་རིགས་ལ་མཚོན་ན་ཁྲིམས་ཡིག་ཁ་གསལ་མེད་པར་གནོད་པ་ཐེབས་ས་ཆེ་ཤོས་ཤིག་ཡིན་པ་མ་ཟད། རྒྱ་ནག་གཞུང་གིས་བདེ་འཇགས་དང་མི་རིགས་ཁ་བྲལ་ཞེས་པར་ཁ་གཡར་ནས་ཁྲིམས་མེད་ལུགས་མེད་ཀྱིས་བོད་མི་ཆབ་སྲིད་བཙོན་པ་ཚོར་ཚེ་བཙོན་ལ་སོགས་པའི་ཁྲིམས་ཐག་གཅོད་བཞིན་ཡོད་པས་རྒྱ་ནག་གིས་ཁྲིམས་དང་སྲིད་ཇུས་གང་འདྲ་ཞིག་སྤེལ་ཡང་། མདོར་དྲིལ་ན་དེ་ཚོ་རྒྱ་ནག་མི་མང་དང་རྒྱ་ནག་རྒྱལ་ཁབ་ཀྱི་ཆེད་དུ་མ་ཡིན་པར་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་གཏོང་རྒྱུའི་ཆེད་དུ་ཡིན་པ་རེད། སངས་རྒྱས་སྐྱབས་ལགས་ཀྱིས་ བདེ་འཇགས་ཞེས་བཤད་བཞིན་པའི་བདེ་འཇགས་འདི་མི་མང་གི་བདེ་འཇགས་མིན་ལ། རྒྱལ་ཁབ་ཀྱི་བདེ་འཇགས་ཀྱང་མ་རེད།རྒྱ་ནག་དམར་ཤོག་གི་བདེ་འཇགས་ཤིག་ཡིན་པ་གསལ་བོ་རེད་ཅེས་འགྲེལ་བརྗོད་གནང་སོང་།
ཡང་ཕྱི་ནང་གི་དཔྱད་བརྗོད་པ་མང་པོ་ཞིག་ལ་སངས་རྒྱས་སྐྱབས་ལགས་དང་གཅིག་མཚུངས་ཀྱི་དགོངས་ཚུལ་ཡོད་པ་སྟེ། རྒྱ་ནག་གཞུང་གིས་མི་མང་ལ་དཔལ་འབྱོར་གྱི་དགོས་མཁོ་བསྐྲུན་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྲོད་དུ་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་དུ་བཏང་བ་དང་། ད་ལྟ་རྒྱ་ནག་གི་དཔལ་འབྱོར་ཉམས་རྒུད་ལ་ཕྱིན་སྐབས་བསྐྱར་དུ་རྒྱ་ནག་གཞུང་གིས་ཀྲུང་ཧྭ་མི་རིགས་ཞེས་གཅིག་སྡུད་དང་རྒྱལ་ཞེན་སྐུལ་སློང་གི་སྲིད་ཇུས་སྤེལ་ཏེ་ཞི་ཅིན་ཕེན་དང་དམར་ཤོག་ཚོགས་པའི་སྲིད་དབང་སྲ་བརྟན་གཏོང་བའི་དགོས་མཁོའི་ཆེད་དུ་བདེ་འཇགས་ཀྱི་ཁྲིམས་འདི་འདྲ་སྤེལ་བཞིན་པར་ངོས་འཛིན་བྱེད་བཞིན་འདུག དེ་མཚུངས་ཡང་རྒྱ་ནག་དམར་ཤོག་གཞུང་གི་རིག་གནས་གསར་བརྗེའི་སྐབས་སུ་མི་རྣམས་ཀྱི་འབྱོར་བ་དང་བསམ་བློ། གྱོན་པ་སོགས་གཅིག་པ་གཅིག་རྐྱང་ཡིན་དགོས་པའི་བྱ་འགུལ་སྤེལ་མྱོང་བ་ལྟར། བོད་པ་ལྟ་བུའི་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ལ་ངོས་འཛིན་བྱེད་བཞིན་པའི་མི་རིགས་ཁག་གི་གནས་སྟངས་ཇེ་སྡུག་ཏུ་འགྱུར་རྒྱུར་ཚོད་དཔག་བྱེད་བཞིན་འདུག
ཆིན་ཧྭ་སློབ་ཆེན་གྱི་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཆེན་མོ་ལའོ་ཏོང་ཡཱན་གྱིས་བསམ་འཆར་བྲིས་འདུག དགེ་རྒན་ཆེན་མོ་ཁོང་གི་པོད་ཕྲན་དུ། ཀྲུང་ཧྭ་མི་རིགས་ཀྱི་བསམ་བློ་ལ་དོ་ཕོག་དང་ཀྲུང་ཧྭ་མི་རིགས་ཀྱི་ཚོར་བ་ལ་རྨ་ཁ་བཟོ་བ་ཞེས་པའི་གནད་དོན་འདི་གཉིས་ཁ་གསལ་མི་འདུག མི་མ་འདྲ་བ་ཡིས་གོ་བ་ལེན་སྟངས་མ་འདྲ་བ་དང་བེད་སྤྱོད་མ་འདྲ་བ་གཏོང་གི་རེད། གསལ་ཁ་མེད་པའི་ཁྲིམས་ཀྱི་ཡིག་ཆ་ཡིས་ཁྲིམས་ཀྱི་ཐག་གཅོད་ཡོང་བར་དཀའ་ངལ་འཕྲད་ཀི་རེད། དབང་འཛིན་པས་ཁྲིམས་ལོག་སྤྱོད་བྱེད་པར་ལས་སླ་བོ་ཡོང་གི་རེད་ཅེས་བྲིས་འདུག་ལ། ད་དུང་དགེ་རྒན་ཆེན་མོ་ཁོང་གིས་གནད་དོན་འདིས་གྲངས་མང་མི་རིགས་རིང་ལུགས་དང་མི་རིགས་རིང་ལུགས་ཀྱི་ཚོར་བ་སློང་བྱེད་ལ་གྱུར་ནས་དེ་ཡིས་མི་མང་གི་གླེང་སློང་ཁ་ཕྱོགས་ཇེ་སྡུག་ལ་གཏོང་བ་དང་རྒྱ་ནག་གི་ཕྱི་འབྲེལ་ལ་གནོད་སྐྱོན་བཟོ་ངེས་པའི་ཉེན་བརྡ་བཏང་འདུག
ཡང་དཔྱད་བརྗོད་པ་ཁ་ཤས་ཀྱིས་ཞི་ཅིས་ཕེན་འདི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་མི་རབས་སྔོན་མ་དེ་ཚོ་དང་མི་འདྲ་བར། ཀྲུང་ཧྭ་མི་རིགས་ཞེས་པའི་ཆབ་སྲིད་ཀྱི་དགོས་མཁོའི་ཐ་སྙད་གསར་བ་འདིའི་ཁ་གཡང་དང་ཞེན་ཁོག་ཅིག་བསླངས་ནས། མི་རིགས་ཁག་གི་འགྲོ་འདུག་སྤྱོད་གསུམ་ཚང་མ་རྒྱ་ནག་ཅན་དང་གཅིག་མཚུངས་སུ་བསྒྱུར་ནས། ཀྲུང་ཧྭ་མི་རིགས་ཀྱི་ལ་རྒྱ་དང་ཞེན་ཁོག་ཟེར་བ་ཞིག་གསར་གཏོད་དང་། ལྟ་བ་འདི་སྲུང་སྐྱོབ་བྱེད་པ་ནི་ཁོ་རང་ཉིད་ཀྱི་སྲིད་དབང་སྲ་བརྟན་དུ་གཏོང་བཞིན་པ་རེད་ལ། ཡང་ཁྲིམས་ཡིག་ཁ་གསལ་མེད་པའི་ཁྲིམས་ཀྱི་ཡིག་ཆ་དེ་ཚོས་རྒྱ་ནག་གི་ཉེན་རྟོག་པ་དང་སྤྱི་བདེ་མི་སྣར་དབང་ཆ་ཆེན་པོ་སྤྲད་པ་འདི་རྒྱ་ནག་ནང་ལ་ཀུན་སྤྱོད་ཉེན་རྟོག་བྱེད་རྒྱུའི་མགོ་བཙུགས་པ་དང་། འདི་ནི་ཉེ་ཆར་ཨེ་རན་གྱི་ཁ་ཆེ་བུ་མོ་མཱ་ཧ་ས་ཨ་མི་ནི་ (Mahsa Amini) མགོ་རས་གྱོན་མེད་པར་བཤད་དེ་ཀུན་སྤྱོད་ཉེན་རྟོག་པས་བཀག་ཉར་དང་རྡུང་རྡེག་འོག་ཚེ་སྲོག་ཤོར་བ་དེ་ཚོའི་དཔེར་བརྗོད་ལ་