༄༅།། ཌོ་ནལ་ཊམ་གྱིས་ཕུ་ཊིན་ལ་འབྲེལ་བ་ཡག་ཏུ་བཏང་ནས་རྒྱ་ནག་དང་ར་ཤི་ཡའི་འབྲེལ་བར་གཏོར་བརླག་བྱ་ཐབས་སུ་འབད། གཟའ་ཟླ་བའི་ཉིན་ཞི་ཅིན་ཕིང་དང་ཕུ་ཊིན་གཉིས་བརྙན་ལམ་དུ་ཐུག་འཕྲད་བྱས་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་སྲ་བརྟན་ཡིན་ཞེས་བསྐྱར་དུ་བཟློས། ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ནེའུ་ཡོཀ་དུས་བབ་ཚགས་པར་ལ་གསར་འགྱུར་ཐོན་པ་ལྟར་ན། ཞི་ཅིན་ཕིང་དང་ཕུ་ཊིན་གཉིས་ཀྱིས་ང་ཚོ་གྲོགས་པོ་ངོ་མ་ཡིན་པ་དང་སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་ཡོད། ལོ་རྒྱུས་དང་དོན་དངོས་གང་ལ་བལྟས་ཀྱང་རྒྱ་ནག་དང་ར་ཤི་ཡ་གཉིས་ཁྱིམ་མཚེས་བཟང་པོ་ཡིན་པས་ཕན་ཚུན་རྒྱང་འགྱེད་མི་སྲིད། གྲོགས་པོ་ངོ་མ་ཚོས་ཕུན་ཚུན་རྒྱབ་སྐྱོར་དང་མཉམ་དུ་འཕེལ་རྒྱས་འགྲོ་ཡི་རེད། རྒྱ་ནག་གིས་ར་ཤི་ཡར་བཙུགས་པའི་འབྲེལ་བར་ཚོགས་པ་གསུམ་པ་ཞིག་གི་ཤུགས་རྐྱེན་ཐེབས་མི་ཐུབ་ཅེས་ཌོ་ནལ་ཊམ་གྱིས་པེ་ཅིང་དང་མོ་སི་ཀོའི་འབྲེལ་བར་གཏོར་བརླག་གཏོང་སྲིད་པ་སྔོན་འགོག་བྱས་འདུག
ར་ཤི་ཡའི་སྲིད་འཛིན་ལས་ཁུངས་ནས་ཀྱང་ཞི་ཅིན་ཕིང་དང་སྲིད་འཛིན་ཕུ་ཊིན་གཉིས་ཀྱི་གྲོས་མོལ་དེ་མཛའ་མཐུན་དང་སྤྲོ་སེམས་འཁོལ་བ་ཞིག་བྱུང་སོང་། འགོ་ཁྲིད་གཉིས་ཀས་ར་ཤི་ཡ་དང་རྒྱ་ནག་གི་ཕྱི་སྲིད་ནི་འཛམ་གླིང་ལ་བརྟན་ལྷིང་བསྐྲུན་ཐུབ་པའི་ཆ་རྐྱེན་ཞིག་ཏུ་འགྱུར་དགོས། ར་ཤི་ཡ་དང་རྒྱ་ནག་གི་འབྲེལ་བར་ཕྱི་ལོགས་ཀྱི་སྟོབས་ཤུགས་གང་གིས་ཀྱང་ཤུགས་རྐྱེན་ཐེབས་མི་ཐུབ་པ་ཅེས་གསལ་བསྒྲགས་སྤེལ། ཁ་སང་གི་གྲོས་མོལ་ནི་ཌོ་ནལ་ཊམ་གྱིས་ཕུ་ཊིན་ལ་ཁ་པར་བཏང་ནས་བདུན་ཕྲག་གཉིས་འགྲོ་ཡི་མེད་པའི་མཚམས་སམ། ཡང་ན་ཟླ་བ་གཅིག་གི་ནང་དུ་ཞི་ཅིན་ཕིང་དང་ཕུ་ཊིན་གཉིས་བརྙན་ལམ་དུ་ཐུག་འཕྲད་གྲོས་མོལ་བྱུང་བ་ཐེངས་གཉིས་པ་ཡིན་ཞིང་། སྲིད་འཛིན་ཊམ་གྱིས་ཕུ་ཊིན་ལ་འབྲེལ་བ་ཡག་ཏུ་གཏོང་རྒྱུའི་ཆེད་དུ་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀི་སྲིད་དབང་གཅིག་སྡུད་པ་ཞིག་རེད། དམག་འཁྲུག་དེ་ཡུཀ་རེན་གྱིས་བསླངས་པ་རེད་ཅེས་སྐྱོན་བརྗོད་བྱས་ནས་ཡུཀ་རེན་ཞི་བའི་གྲོས་མོལ་ཁོངས་སུའང་མ་བཅུག་པར་ཟུར་དུ་བཀར།།
ཉམས་ཞིབ་པ་ཚོས་ཌོ་ནལ་ཊམ་གྱིས་ཕུ་ཊིན་ལ་འབྲེལ་བ་ཡག་ཏུ་གཏོང་གི་ཡོད་པའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ནག་དང་ར་ཤི་ཡའི་འབྲེལ་བ་སྲ་བརྟན་འགྲོ་བཞིན་པ་འགོག་ཐབས་ཤིག་རེད། ཨ་མི་རི་ཀས་རྒྱ་ནག་ཉེན་ཁ་ཆེན་པོ་ཞིག་ལ་རྩི་ཡི་འདུག དེ་སྔ་རྒྱ་ནག་དང་ཨུ་རུ་སུ་དམར་ཤོག་གི་འབྲེལ་བ་སྡུག་ཏུ་ཕྱིན་པའི་སྐབས་དེར་སྲིད་འཛིན་ནིག་སིན་རྒྱ་ནག་ལ་ཕེབས་ནས་འབྲེལ་བ་བཙུགས་ཏེ་ཨུ་རུ་སུར་ཁ་གཏད་བཅག་པ་རེད། ད་ལྟའི་རྒྱ་ནག་དང་ར་ཤི་ཡའི་འབྲེལ་བ་ནི་༥༣་གྱི་གོང་དང་མི་འདྲ། དེང་སྐབས་རྒྱ་ནག་དང་ར་ཤི་ཡའི་འབྲེལ་བ་ཡང་རྩེར་སོན་འདུག ཡུཀ་རེན་གྱི་དམག་འཁྲུག་གིས་ཕྱོགས་གཉིས་ཀྱི་འབྲེལ་བ་དེ་སྔར་ལས་སྲ་བརྟན་བཏང་འདུག་ཟེར། ཟླ་སྟོད་འདིར་མིའུ་ནིག་གྲོང་ཁྱེར་དུ་ཚོགས་པའི་བདེ་འཇགས་ཚོགས་ཆེན་ཐོག་ཏུ་སྲིད་འཛིན་ཊམ་གྱིས་བསྐོས་པའི་ཡུཀ་རེན་གྱི་དམིགས་བསལ་སྐུ་ཚབ་ཁེ་ལཱོག་གིས་ཌོ་ནལ་ཊམ་གྱི་སྲིད་གཞུང་ནས་ཕུ་ཊིན་ལ་བྱང་ཀོ་རི་ཡ་དང་ཨི་རན། རྒྱ་ནག་བཅས་ལ་འབྲེལ་བ་གཅོད་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་ཅེས་བསྒྲགས།།
ཌོ་ནལ་ཊམ་གྱིས་རྒྱ་ནག་དང་ར་ཤི་ཡའི་འབྲེལ་བར་གཏོར་བརླག་བྱེད་མི་ཐུབ་པ་སྟེ། ཞི་ཅིན་ཕིང་དང་ཕུ་ཊིན་གཉིས་ནུབ་ཕྱོགས་ཀྱི་ལྟ་གྲུབ་ལ་མི་འཐད། ཁོ་ཚོས་ཨ་མི་རི་ཀར་ཁ་གཏད་བཅག་ནས་འཛམ་གླིང་ལ་སྒྲིག་སྲོལ་གསར་པ་ཞིག་འཛུགས་དགོས་ཟེར་གྱི་ཡོད་ཅིང་། ཇཱོན་ཧོབ་ཀིན་སི་སློབ་གྲྭ་ཆེན་མོའི་རྒྱལ་སྤྱིའི་ཡར་ཐོན་འབྲེལ་ལམ་ཞིབ་འཇུག་སློབ་དཔོན་སར་གྷེ་རཱད་ཆན་ཀོས་(Sergey Radchenko)་བཤད་པ་ལྟར་ན། རྒྱ་ནག་དང་ར་ཤི་ཡའི་འབྲེལ་བ་དེ་འཐབ་ཇུས་དང་ས་ཁམས་ཆབ་སྲིད་ལ་ཐུག་འདུག ཁོ་ཚོ་རྦད་དེ་ལྟ་ཚུལ་གཅིག་མཐུན་མིན་རུང་གཅིག་ལ་ཅིག་ཤོས་དགོས་མཁོ་ཆེ་བ་ངོས་ཟིན་ཡོད་པ་རེད། ཌོ་ནལ་ཊམ་གྱིས་ཕུ་ཊིན་འགུགས་ཐབས་བྱེད་ཀྱི་ཡོད་པར་ཞི་ཅིན་ཕིང་དོགས་འདྲོག་ལངས་ཡོད་ཤས་ཆེ། འོན་ཀྱང་ཕུ་ཊིན་གྱིས་ཨ་མི་རི་ཀར་འབྲེལ་བ་ཡག་ཏུ་བཏང་སྟེ་རྒྱ་ནག་ལ་རྒྱང་ཐག་རིང་དུ་བཏང་ན་ར་ཤི་ཡར་ཁེ་ཕན་འདུག་བསམས་མི་སྲིད། ཕུ་ཊིན་ལག་ཆ་ལྟར་རྒྱ་ནག་གི་ཐོག་ཏུ་བཀོལ་ཆོག་ཆོག་ཅིག་ཡོད་པ་རེད་བསམས་ན་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་མི་དེ་ཚོ་གླེན་པ་རེད་ཅེས་བསྟན།།
ཕུ་ཊིན་གྱིས་མགྲོན་འབོད་བྱས་པ་ལྟར་ལོ་འདིའི་ཕྱི་ཟླ་༥་པའི་ནང་ཞི་ཅིན་ཕིང་ར་ཤི་ཡར་འཚམས་འདྲིར་བསྐྱོད། ཨུ་རུ་སུ་དམར་ཤོག་ལ་འཛམ་གླིང་དམག་ཆེན་གཉིས་པའིི་སྐབས་སུ་རྒྱལ་ཁབ་ཐོབ་པའི་དུས་དྲན་ལ་མཉམ་ཞུགས་བྱ་རྒྱུ་ཡིན་ཞིང་། ཞི་དང་ཕུ་ཊིན་གྱི་གྲོས་མོལ་སྐབས་སུ་ཉེ་ཆར་ར་ཤི་ཡ་དང་ཨ་རིའི་གཞུང་འབྲེལ་མི་སྣ་ཚོ་སོ་ཌི་ཨ་རེ་བྷི་ཡར་ཐུག་འཕྲད་གྲོས་མོལ་བྱས་པའི་ནང་དོན་རྣམས་གསལ་བཀྲོལ་ཞུས། ཞི་ཅིན་ཕིང་གིས་ཨ་རི་དང་ར་ཤི་ཡས་གྲོས་མོལ་བྱས་ནས་ཡུཀ་རེན་གྱི་དཀའ་རྙོག་སེལ་ཐབས་བྱེད་ཀྱི་ཡོད་པར་རྒྱབ་སྐྱོར་ཡོད། ཡུཀ་རེན་གྱི་དཀའ་རྙོག་སེལ་ནས་ཞི་བདེ་བསྐྲུན་རྒྱུར་རྒྱ་ནག་གིས་ལེགས་སྐྱེས་ཅི་ཞིག་འབུལ་ཐུབ་ཀྱང་འབུལ་རྩིས་ཡོད་ཅེས་ལན་བཏབ། ར་ཤི་ཡས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པ་དེར་དམིགས་བསལ་དམག་དོན་ལས་འགུལ་ཞེས་འབོད། རྒྱ་ནག་གིས་ཡུཀ་རེན་གྱི་དམག་འཁྲུག་ལ་དཀའ་རྙོག་ཅེས་འབོད།།
ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ཨ་རིའི་རླུང་འཕྲིན་ཁང་གིས་གསར་འགྱུར་སྤེལ་བ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་དང་ཡུཀ་རེན་གྱི་ཕྱི་སྲིད་བློན་ཆེན་གཉིས་ཐུག་འཕྲད་བྱས་ནས་རྒྱ་ནག་གིས་ཞི་བའི་ཐབས་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཁ་སྔོན་ཨ་རི་དང་ར་ཤི་ཡའི་གཞུང་འབྲེལ་མི་སྣ་ཚོ་ཐུག་འཕྲད་གྲོས་མོལ་བྱུང་བར་དགའ་བསུ་ཡོད། ང་ཚོས་གྲོས་མོལ་བྱས་ནས་དཀའ་རྙོག་སེལ་ཐབས་དང་ཞི་བདེ་བསྐྲུན་དགོས་པའི་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བཀྲལ། ཡིན་ནའང་རྒྱ་ནག་གིས་ཡུཀ་རེན་གྱི་བདག་དབང་དང་མངའ་ཁོངས་གོང་བུ་གཅིག་གྱུར་ལ་བརྩི་འཇོག་བྱ་དགོས་ཞེས་མ་གླེང་། སྲིད་འཛིན་ཟུར་པ་འཇོར་ཇཱི་ཊབ་ལུ་བྷུ་ཤཱིའི་སྐབས་ཀྱི་ཕོ་བྲང་དཀར་པོའི་སློབ་སྟོན་པ་ཌེ་ནི་སི་ཝིལ་ཌེར་(Dennis Wilder)་གྱིས་ཨ་རི་དང་ར་ཤི་ཡའི་འབྲེལ་བ་སླར་གསོ་ཆ་ཚང་ཞིག་མ་བྱུང་ཡང་ར་ཤི་ཡར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཀལ་ཡོད་པ་ཁག་ཅིག་ཕྱིར་འཐེན་བྱེད་ཚེ། ར་ཤི་ཡ་མཐའ་གཅིག་ཏུ་རྒྱ་ནག་ལ་བསྙེ་མི་དགོས་པ་ཞིག་ཏུ་འགྱུར་རྒྱུ་རེད་ཅེས་བཤད་འདུག
དམངས་གཙོ་སྲུང་སྐྱོབ་ཐེབས་རྩ་ཁང་གི་དམག་དོན་དང་ཆབ་སྲིད་སྟོབས་ཤུགས་ཉམས་ཞིབ་ལྟེ་གནས་ཁང་གི་འགན་འཛིན་བྷ་རེ་ཌི་ལེ་བྷོ་མན་(Bradely Bowan)་གྱིས་བཤད་པ་ལྟར་ན། རྒྱ་ནག་གིས་འཛམ་གླིང་ཡོངས་སུ་ཨ་མི་རི་ཀར་ཡིད་ཆེས་དང་བློ་འགེལ་བྱེད་མི་ཉན་ཞེས་ལྐོག་ཏུ་ལབ་ཀྱི་ཡོད་པར་ཐེ་ཚོམ་མེད། སྟབས་མ་ལེགས་པ་ཞིག་ལ་ཌོ་ནལ་ཊམ་གྱི་སྲིད་གཞུང་གིས་རྒྱ་ནག་ལ་བཤད་རྒྱུ་ཡོད་པ་ཞིག་བསྒྲུབས་པ་རེད་ཅེས་བཤད། གསར་འགོད་པ་ཚོས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པར་དམག་འཁྲུག་རྗེས་སུ་ཡུཀ་རེན་ལ་རྒྱ་ནག་གི་ཞི་བདེ་སྲུང་དམག་གཏོང་རྒྱུ་ཡིན་ནམ་ཞེས་དྲིས་ཀྱང་ཕྱིར་ལན་མ་བྱུང་། ཨ་རིའི་གཞུང་འབྲེལ་མི་སྣ་ཁག་ཅིག་གིས་རྒྱ་ནག་ལ་ལྷག་བསམ་རྣམ་དག་གིས་ཡུཀ་རེན་གྱི་དམག་འཁྲུག་འགོག་འདོད་ཡོད་པ་མ་རེད། རྒྱ་ནག་གིས་ཌོ་ནལ་ཊམ་གྱི་རྔ་གཞིགས་ནས་འཆམ་རྒྱག་གི་རེད། ཁོ་ཚོས་ཡུཀ་རེན་གྱི་དམག་འཁྲུག་ཚབས་ཆེ་རུ་བཏང་ནས་ཨ་མི་རི་ཀར་གནོན་ཤུགས་སྤྲོད་ཐུབ་བསམས་ཡོད་པ་རེད་ཅེས་་དོགས་ཟོན་གྱི་ཡུལ་དུ་བཟུང་།།
འཇོར་ཇཱི་ཊོང་སློབ་གྲྭ་ཆེན་མོའི་ཨེ་ཤི་ཡའི་ཞིབ་འཇུག་ཁང་གི་འགན་འཛིན་ཨི་ཝན་མེ་ཌེ་རོ་སི་ནས་(Evan Medeiros)་རྒྱ་ནག་གིས་ཡུཀ་རེན་གྱི་གནད་དོན་ལ་གཞིགས་ནས་ཌོ་ནལ་ཊམ་ལ་རྒྱབ་སྐྱོར་གང་འཚམ་ཞིག་བྱེད་ངེས་རེད། རྒྱ་ནག་གིས་རྒྱབ་སྐྱོར་ཤུགས་ཆེན་པོ་ཞིག་མ་བྱས་པར་རྒྱབ་སྐྱོར་ཅུང་ཙམ་བྱས་ནས་གྲུབ་འབྲས་ཐོན་སོང་ཞེས་འུར་སྒྲོགས་བྱ་རྒྱུ་ཆོས་ཉིད་རེད། གལ་སྲིད་ཡུཀ་རེན་བསྐྱར་དུ་འཛུགས་སྐྲུན་བྱས་ནས་རྒྱ་ནག་ལ་ཁེ་ཕན་འཐོབ་ཀྱི་ཡོད་ན་རྒྱ་ནག་གིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་རུང་ར་ཤི་ཡར་ཞི་བའི་གྲོས་མཐུན་འཇོག་དགོས་ཞེས་སྐུལ་ལྕག་གཏོང་ཁག་པོ་རེད། རྒྱ་ནག་གིས་རང་གི་འཛུགས་སྐྲུན་བཟོ་ཚོང་ལས་ཁུངས་ཁག་ལ་ཡུཀ་རེན་བསྐྱར་དུ་འཛུགས་སྐྲུན་བྱ་རྒྱུའི་གན་རྒྱ་གྱ་ནོམ་པ་ཞིག་འཐོབ་རྒྱུ་ཡོད་མེད་རྩིས་རྒྱག་གི་ཡོད་པ་རེད་ཅེས་འཇར་མན་མར་ཤཱལ་ཐེབས་རྩ་ཁང་གི་ཨིན་རྡུ་ཞི་བདེ་རྒྱ་མཚོའི་གཏམ་གླེང་རྒྱང་སྲིང་ནང་དུ་བཤད་འདུག
གླེང་སྟེགས།