ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

རྒྱ་ནག་དམར་ཤོག་གཞུང་དང་བོད་ཀྱི་རིག་དངོས།


ཉེ་ལམ་དབྱིན་ཇིའི་འགྲེམ་སྟོན་ཁང་ཆེན་མོའི་ནང་གི་རིག་དངོས་༢༠༠༠ ཙམ་ཞིག་རྐུ་ལ་ཤོར་བའི་གནས་ཚུལ་བྱུང་བ་དང་སྦྲགས། རྒྱ་ནག་གཞུང་འབྲེལ་གསར་ཁང་གོ་ལའི་དུས་བབ་ཀྱིས་དབྱིན་ཇིའི་འགྲེམ་སྟོན་ཁང་དུ་ཡོད་པའི་རྒྱ་ནག་གོང་མའི་དུས་སྐབས་ཀྱི་རིག་དངོས་རྣམས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱ་དགོས་ཡོད་ཅེས་པའི་དཔྱད་རྩོམ་ཞིག་སྤེལ་ཏེ། རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་ཐོག་ཏུ་རྒྱ་མི་མང་པོ་ཞིག་མི་རིགས་རིང་ལུགས་ཀྱི་ཚོར་ཤུགས་མེ་ལྟར་འབར་བའི་ངང་དེ་དོན་ཐད་གླེང་སློང་དང་འུར་སྒྲོག་ཤུགས་ཆེན་པོ་བྱས་ཡོད་པ་རེད།

དེ་དོན་དུ་བོད་ཀྱིསྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་སྐུ་ངོ་ཟླ་བ་ཚེ་རིང་ལགས་ནས་གསུངས་དོན་ལ། སྤྱིར་རྒྱ་ནག་ཏུ་མི་རིགས་རིང་ལུགས་ཀྱི་ཚོར་བ་དང་འབྲེལ་ནས་སྐད་གསང་མཐོན་པོ་དང་ངར་ཤུགས་ལངས་བཅུག་པའི་གླེང་ཕྱོགས་བཟོས་པ་ཡོད་ཚད་ནི། མཐར་གཏུགས་ན་རྒྱ་ནག་གཞུང་གིས་སོ་སོའི་ཆབ་སྲིད་ཀྱི་དབང་ཆ་བརྟན་བརླིང་ཡོང་རྒྱུ་གཅིག་པུ་ལ་དམིགས་པའི་འཁྲབ་སྟོན་ཞིག་ཡིན་པ་དང་། དེང་སྐབས་རྒྱ་ནག་གི་རིག་དངོས་རྩ་ཆེན་མང་པོ་ཞིག་དབྱིན་ཇི་དང་ཧྥ་རན་སི། ཨ་རི་ལ་སོགས་པའི་དཔེ་མཛོད་ནང་དུ་ཉར་ཚགས་བྱས་ཡོད་པ་དེ་ནི་དགའ་འོས་པ་ཞིག་དང་། གལ་སྲིད་སྟབས་མ་ལེགས་ནས་རྒྱ་ནག་དམར་ཤོག་གཞུང་གི་ལག་ལ་བཞག་ཡོད་ཚེ། རིག་གནས་གསར་བརྗེ་དང་ནང་འཁྲུག་སོགས་ཀྱི་སྐབས་ལ་རིག་དངོས་དེ་ཚོ་རྩ་བརླག་ཕྱིན་ཡོད་ཤག་རེད་ཅེས་གསུངས་འདུག

དེ་དང་ཆབས་ཅིག་ཁོང་གིས་བོད་ཀྱི་ཡིག་རྙིང་ཚུད་པའི་ཏུན་ཧོང་ཤོག་དྲིལ་དེ་ཚོ་དབྱིན་ཇི་དང་ཧྥ་རན་རིའི་དཔེ་མཛོད་ནང་དུ་ཉར་ཚགས་བྱས་ཐུབ་ཡོད་པ་དེ་དག་དུས་རབས་༢༠ པའི་ལོ་རབས་ལྔ་བཅུ་དང་དྲུག་བཅུ་ཙམ་ནས་དཀར་ཆག་སྒྲིག་སྟེ་འཛམ་བུ་གླིང་ཡོངས་ཀྱི་སྤྱན་ལམ་དུ་བསྟར་ཡོད། འོན་ཏེ་རྒྱ་ནག་དུ་ལུས་པའི་ཏུན་ཧོང་ཡིག་རྙིང་ནང་གི་བོད་སྐོར་གྱི་ཤོག་དྲིལ་དེ་ཚོ་ལས། འགའ་ཤས་བདག་མེད་བཏང་ནས་གང་སར་གྱར་ཡོད་པ་དང་། འགའ་ཤས་ཕྱི་རྒྱལ་བ་ཚོར་བཙོང་ཡོད་པ། གང་ལྟར་དུས་ད་ལྟའང་ད་དུང་ཡིག་རྙིང་རྩ་ཆེན་དེ་དག་རེ་རེ་བཞིན་ཐོ་བརྒྱབ་ནས་པར་སྐྲུན་འགྲེམ་སྤེལ་བྱས་ཐུབ་མེད་པ་རེད་ཅེས་འགྲེལ་བརྗོད་གནང་འདུག

གཞན་ཡང་སྐུ་ངོ་ཟླ་བ་ཚེ་རིང་ལགས་ནས་མུ་མཐུད་ནས་གསུང་དོན་ལ། རྒྱ་ནག་དམར་ཤོག་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཚུན་ནས་བཟུང་སྟེ། རྒྱ་ནག་གཞུང་གིས་འཆར་གཞི་དང་དམིགས་ཡུལ་ལྡན་པའི་ཐོག་ནས་བོད་ཀྱི་དགོན་སྡེ་ཁག་དང་བང་སོ། མཁར་རྫོང་ལ་སོགས་པའི་འཛུགས་སྐྲུན་ཁག་རྩ་གཏོར་བཏང་ཡོད་པར་མ་ཟད། རིག་དངོས་རྩ་ཆེན་དེ་ཚོ་རྐུ་ཁྱེར་བྱས་པ་ཙམ་གྱིས་མི་ཚད་པར། བོད་ཀྱི་ལོ་རྒྱུས་ཀྱི་དྲན་པ་ལ་རྡོག་བརྫིས་དང་རང་མི་རིགས་ཀྱི་ལ་རྒྱ་དང་སྤོབས་པ་གཅོག་ཆེད་རིག་དངོས་དེ་དག་ལ་ལོག་འགྲེལ་བྱས་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་བླ་ཆེན་ཁག བོད་ཀྱི་རིག་གཞུང་དང་ཤུལ་བཞག་རིག་གནས་ཡོད་ཚད་ནག་པོ་བཟོ་བཞིན་པར་མ་ཟད། བོད་པ་རྒྱ་མིར་སྒྱུར་བ་དང་། དེ་བཞིན་བོད་ཡུལ་རྒྱ་ཡུལ་དུ་སྒྱུར་བཞིན་ཡོད་པ་རེད་ཅེས་གསུངས་འདུག

གཞན་ཡང་ཁོང་གིས་དེང་སང་རྒྱ་ནག་དམར་ཤོག་གཞུང་ལ་དེ་སྔོན་སོག་པོའི་ཡོན་རྒྱལ་རབས་དང་མན་ཇུའི་ཆིང་རྒྱལ་རབས་དུས་སྐབས་ཀྱི་རིག་དངོས་ཀྱི་བདག་དབང་རྩོད་གླེང་བྱེད་པའི་ཐོབ་ཐང་རྩ་བ་ཉིད་ནས་མེད་ཅིང་། རྒྱ་ནག་དམར་ཤོག་གཞུང་གིས་ད་ལྟའི་ཆར་སོ་སོའི་སྲིད་དབང་གི་དགོས་མཁོ་ཆེད་དུ་ལོ་རྒྱུས་ཐོག་གི་རྒྱལ་རབས་ཡོད་ཚད་རྒྱ་མི་རིགས་དང་རྒྱ་ནག་གཅིག་པ་ཡིན་ལུགས་ལ་སོགས་པ་ཤོག་བུ་དཀར་པོའི་ཐོག་ལ་རི་མོ་གསར་པ་འབྲི་ཞེས་པ་ལྟར་སོ་སོར་ཁེ་ཕན་གང་ཡོད་པར་ཨུ་ཚུགས་བརྒྱབ་ནས་ལོག་འགྲེལ་བྱེད་ཀྱི་ཡོད་པ་ལས་དེ་ལ་ཁུངས་ལུང་དང་རྒྱུ་མཚན་ཡང་དག་ཅེས་པ་གཏན་ནས་ཡོད་བ་མ་རེད་ཅེས་འགྲེལ་བརྗོད་གནང་འདུག

སྤྱིར་རིག་དངོས་ལ་གཙོ་བོ་ཉར་ཚགས་ཀྱི་རིན་ཐང་དང་རིག་གཞུང་ཉམས་ཞིབ་ཀྱི་རིན་ཐང་བཅས་རིན་ཐང་ཆེན་པོ་གཉིས་ཡོད་པར་ཡོངས་གྲགས་ཡིན་ཡང་། སྐུ་ངོ་ཟླ་བ་ཚེ་རིང་ལགས་ནས་གསུངས་དོན་ལ། རྒྱ་ནག་དམར་ཤོག་གཞུང་ལ་བོད་ཀྱི་ལོ་རྒྱུས་ཀྱི་དྲན་པ་ཆགས་ཡོད་པའི་བོད་ཀྱི་རིག་དངོས་དེ་ཚོ་ཉར་ཚགས་བྱ་རྒྱུའི་འདོད་མོས་མེད་པར་མ་ཟད། རིག་གཞུང་ཉམས་ཞིབ་ཀྱི་ཆ་ནས་བཤད་ན་ཡང་། བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་ལུགས་དང་བོད་ཀྱི་རིག་གཞུང་དེ་བཞིན་རྒྱ་ནག་རིག་གཞུང་གི་གྲུབ་ཆ་ཞིག་ཡིན་ལུགས་ཀྱི་འགྲེལ་བརྗོད་དེ་ལ་སྒྲུབ་བྱེད་དུ་བཀོད་ཅི་ཐུབ་ལྟ་བཞིན་པ་རེད་ཅེས་དང་། མཐའ་དོན་ལ། ཁོང་གིས་རིག་དངོས་ནི་མིའི་རིགས་ཀྱི་སྤྱི་ནོར་ལྟ་བུ་ཆགས་ཡོད་སྟབས། དེང་སྐབས་བོད་པ་ཚོར་སོ་སོའི་ཁེ་ཕན་སྲུང་སྐྱོབ་བྱེད་ཐུབ་པའི་རྒྱལ་ཁབ་ཅིག་མེད་པའི་གནས་སྟངས་འདི་འདྲ་ཞིག་ལ། རིག་དངོས་དེ་ཚོ་སུའི་ལག་ལ་ཡོད་པ་དེ་དེ་ཙམ་གྱི་གལ་ཆེན་པོ་མིན་པར། གཙོ་ཆེ་ཤོས་རིག་དངོས་ཉར་ཚགས་ཡག་པོ་ཞིག་བྱ་ཐུབ་རྒྱུ་དང་། འཛམ་གླིང་ཐོག་གི་མི་ཚང་མས་རིག་དངོས་དེ་ཚོ་ལ་རང་དབང་ཐོག་ནས་ཞིབ་འཇུག་བྱ་ཆོག་རྒྱུ་དེ་གལ་འགངས་ཆེ་ཤོས་རེད་བསམ་གྱི་འདུག་ཅེས་གསུངས་འདུག

གོང་ཞུས་རྒྱ་ནག་ཕྱོགས་ནས་ལངས་པའི་རྩོད་གླེང་དེ་ནི་ཏག་ཏག་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཇཱ་མེ་སི་ཁེ་ལེ་ཝེར་ལི་James Cleverly ལགས་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་པའི་སྐབས་ལ་འཁེལ་ཡོད་སྟབས། དབྱིན་ཇི་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་སླར་གསོ་ཡོང་རྒྱུ་ཐད་ཀྱི་འབད་བརྩོན་ལ་དཀལ་ངལ་གསར་པ་ཞིག་ཁ་སྣོན་བྱས་ཡོད་པ་རེ

XS
SM
MD
LG