ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༩/༡༧

དབུས་ཨི་ཤི་ཡའི་རྒྱལ་ཁབ་ཁག་རིམ་གྱིས་ཨ་རུ་སུ་དང་རྒྱང་བཀྱེད།


དབུས་ཨི་ཤི་ཡའི་རྒྱལ་ཁབ་ཁག་རིམ་གྱིས་ཨ་རུ་སུ་དང་རྒྱང་བཀྱེད།
དབུས་ཨི་ཤི་ཡའི་རྒྱལ་ཁབ་ཁག་རིམ་གྱིས་ཨ་རུ་སུ་དང་རྒྱང་བཀྱེད།

༄༅།། འདས་པའི་ལོ་གཉིས་ལྷག་ལ་ཨུ་རུ་སུའི་འགོ་ཁྲིད་ཚོ་ཡུཀ་རེན་གྱི་དམག་འཁྲུག་ལ་མགོ་འཁོར་ནས་བསྡད། དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་བཙུགས་ཏེ་ཨུ་རུ་སུའི་ཤུགས་རྐྱེན་འོག་ནས་ཐར་ཐབས་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཕྱི་ཟླ་༦་པའི་ཚེས་༣་ཉིན་ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཉེ་ཆར་ཕྱི་ཟླ་༣་ནང་དུ་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་ཚོགས་ཁང་ཞིག་ལ་འཇིགས་སྐུལ་རིང་ལུགས་པས་རྒོལ་རྡུང་བྱས་ནས་མི་༡༤༠་བསད། ཨུ་རུ་སུའི་གཞུང་གིས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ངལ་རྩལ་བ་ཚོར་དྲག་གནོན་བྱ་རྒྱུ་འགོ་ཚུགས། ད་དུང་ཏ་ཇིག་སི་ཐན་དང་ཁ་ཛག་སི་ཐན། ཀིར་ཀི་སི་ཐན་དང་ཏུར་ཀི་མ་ཎི་སི་ཐན། ཨུ་ཛི་བྷེ་ཀི་སི་ཐན་བཅས་ཀྱི་ངལ་རྩོལ་བ་རྣམས་ཨུ་རུ་སུ་ནས་ཕྱིར་ཕུད་བཏང་སྟེ་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་དང་འབྲེལ་བ་སྡུག་ཏུ་སོང་།།

ཐོག་མར་ཕུ་ཊིན་གྱིས་རྒྱལ་ས་མོ་སི་ཀོར་རྒོལ་རྡུང་བྱུང་བའི་ལན་ཁག་ཡུཀ་རེན་ལ་གཡོགས་ཀྱང་དོན་དམ་དུ་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནས་ཨུ་རུ་སུར་བསླེབས་པའི་ངལ་རྩོལ་བ་ཚོ་དྲག་གནོན་བྱ་ཡུལ་དུ་གྱུར། ཨུ་རུ་སུའི་ནང་སྲིད་ལྷན་ཁང་གི་གཞི་གྲངས་སུ་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ནས་ངལ་རྩོལ་བ་ས་ཡ་༡༠་བསླེབས་ཡོད་ཅེས་འཁོད། ཡུཀ་རེན་གྱི་དམག་འཁྲུག་ལངས་ནས་ཨུ་རུ་སུའི་སྐྱེས་པ་རྣམས་དམག་ཁོངས་སུ་བསྡུས། སྐྱེས་པ་ས་ཡ་༡་ཡས་མས་ཤིག་དམག་འཁྲུག་ལ་ངོ་རྒོལ་བྱས་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བྲོས། ད་ལྟ་ཨུ་རུ་སུར་ངལ་རྩོལ་བ་འདང་ངེས་མེད་པའི་དཀའ་ངལ་སྔར་ལས་ཚབས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཨུ་རུ་སུ་དང་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ས་འདྲེས་ཡིན་པ་དང་དཔལ་འབྱོར་གྱི་འབྲེལ་བ་དམ་ཟབ་ཚུགས་པ་སོགས་ཀྱིས་འབྲེལ་བ་རྦད་དེ་གཅོད་དཀའ། འོན་ཀྱང་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་རང་བཙན་གྱི་ཆབ་སྲིད་ལམ་ཕྱོགས་ཤིག་འཛིན་ཐུབ་པའི་གོ་སྐབས་ཐོབ།།

ཁ་ཛག་སི་ཐན་གྱི་སྲིད་འཛིན་ཊ་ཀ་ཡེབ་དང་ཨུ་རུ་སུའི་སྲིད་འཛིན་ཕོ་ཏེན་
ཁ་ཛག་སི་ཐན་གྱི་སྲིད་འཛིན་ཊ་ཀ་ཡེབ་དང་ཨུ་རུ་སུའི་སྲིད་འཛིན་ཕོ་ཏེན་

དཔེར་ན་༢༠༢༢་ལོའི་ཕྱི་ཟླ་༦་པའི་ནང་དུ་ཁ་ཛག་སི་ཐན་གྱི་སྲིད་འཛིན་ཊ་ཀ་ཡེབ་ཀྱིས་ཨུ་རུ་སུའི་དམག་གིས་བླངས་པའི་ཡུཀ་རེན་གྱི་ཌོ་ནེ་ཛིཀ་དང་ལུ་ཧན་ཛིཀ་གཉིས་ཨུ་རུ་སུ་མནའ་འབྲེལ་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་པར་ངོས་འཛིན་བྱེད་ཆོག ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཅད་ཡོད་པ་དེའི་འོག་ནས་སྐྱོབ་རོགས་བྱེད་མི་ཐུབ་ཅེས་ལངས་ཕྱོགས་གསལ་པོར་བསྟན། ༢༠༠༨་ལོར་ཨུ་རུ་སུས་བཙན་འཛུལ་བྱས་ནས་འཇོར་ཇཱི་ཡའི་ལྷོ་ཨོ་སེ་ཤི་ཡ་བཙན་གྱིས་ཕྲོགས། ༢༠༡༤་ལོར་ཨུ་རུ་སུས་བཙན་འཛུལ་བྱས་ནས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་ཕྲོགས་པའི་སྐབས་སུའང་ཁ་ཛག་སི་ཐན་གྱིས་རྒྱབ་སྐྱོར་མ་བྱས། ཡུཀ་རེན་གྱི་དམག་འཁྲུག་ཡོངས་སུ་ལངས་པའི་གཞུག་ཏུ་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་ཕོག་ཐུག་མ་བཏང་བར་ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་འབྲེལ་བ་འཛུགས་རྒྱུའི་གོ་སྐབས་བཙལ།།

ཨེ་ཤི་ཡའི་དུས་བབ་ཚགས་པར་ལ་མུ་མཐུད་དུ་གནས་ཚུལ་ཐོན་པ་ལྟར་ན། དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་མངོན་གསལ་མེད་པར་ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ངོ་རྒོལ་གྱི་རྣམ་འགྱུར་བསྟན་ཡོད་པ་སྟེ། ཏུར་ཀི་མ་ཎི་སི་ཐན་གཅིག་པུ་མ་གཏོགས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་ས་མཚམས་སྒོ་ཕྱེ། ཕུ་ཊིན་གྱི་དམག་འཁྲུག་ལ་ངོ་རྒོལ་བྱས་ནས་ཕྱི་ལ་བྲོས་བྱོལ་དུ་སྐྱོད་པའི་ཨུ་རུ་སུའི་ན་གཞོན་ཕོ་མོ་རྣམས་ཡོང་དུ་བཅུག དེར་བརྟེན་ཨུ་རུ་སུའི་གཞུང་གིས་སྐྱབས་བཅོལ་བ་ཡོང་དུ་བཅུག་པའི་རྒྱལ་ཁབ་དེ་དག་གི་ངལ་རྩོལ་བ་ཚོད་འཛིན་བྱས་ནས་ལན་པ་བསློགས། དེང་སྐབས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཏུ་ཨུ་རུ་སུའི་སྐད་ཡིག་སློབ་སྦྱོང་བྱེད་མཁན་ཧ་ཅང་ཉུང་དུ་ཕྱིན་པ་དང་ཨུ་རུ་སུའི་རིག་གཞུང་ལ་སྤྲོ་བ་ཉམས། ཀིར་ཀི་སི་ཐན་གྱི་མི་མང་བརྒྱ་ཆ་༤༩་དང་ཁ་ཛག་སི་ཐན་གྱི་མི་མང་བརྒྱ་ཆ་༤༣་ལྷག་གིས་རང་ཡུལ་གྱི་དཔལ་འབྱོར་ཉམས་རྒུད་ཕྱིན་པའི་ལན་ཁག་ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་ནས་བྱུང་བ་རེད་ཟེར།།

༢༠༢༣་ལོར་ཀིར་ཀི་སི་ཐན་གྱི་སྲིད་འཛིན་ས་ཌིར་ཇཱ་པ་རོབ་དང་ཨུ་རུ་སུའི་སྲིད་འཛིན་ཕོ་ཏེན་
༢༠༢༣་ལོར་ཀིར་ཀི་སི་ཐན་གྱི་སྲིད་འཛིན་ས་ཌིར་ཇཱ་པ་རོབ་དང་ཨུ་རུ་སུའི་སྲིད་འཛིན་ཕོ་ཏེན་

ཨུ་རུ་སུས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་པར་ཁ་ཛག་སི་ཐན་གྱི་ས་གནས་ཁག་ཏུ་ངོ་རྒོལ་ལས་འགུལ་སྤེལ། ཨུ་རུ་སུའི་གཞུང་གིས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་བརྙན་འཕྲིན་ལས་རིམ་རྣམས་བཀག མཉམ་འབྲེལ་རྒྱལ་ཚོགས་སུ་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཨུ་རུ་སུའི་བཙན་འཛུལ་ལ་ཁ་རྡུང་གཏོང་བའི་འོས་ཤོག་འཕེན་མ་ཕོད། ༢༠༢༣་ལོར་ཀིར་ཀི་སི་ཐན་གྱི་སྲིད་འཛིན་ས་ཌིར་ཇཱ་པ་རོབ་དང་ཁ་ཛག་སི་ཐན་གྱི་སྲིད་འཛིན་སོགས་ཚུད་པའི་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ནེའུ་ཡོག་གྲོང་ཁྱེར་དུ་སྲིད་འཛིན་ཇཱོ་བྷ་ཌན་དང་བྷར་ལིན་དུ་འཇར་མན་གྱི་སྲིད་བློན་ཨོ་ལཱབ་ཤོལ་ཛི་གཉིས་ལ་ཐུག་འཕྲད་གྲོས་མོལ་བྱུང་། དབུས་ཨེ་ཤི་ཡར་སོལ་རླངས་དང་རྡོ་སྣུམ་སོགས་ཀྱི་གཏེར་ཁ་ཕྱུག་པོ་ཡོད་པས་ཨུ་རུ་སུའི་སྟོབས་ཤུགས་ཉམས་པའི་གོ་སྐབས་བཟུང་སྟེ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་དབུས་ཨེ་ཤི་ཡར་འབྲེལ་བ་དམ་ཟབ་འཛུགས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

ད་ལོའི་ཕྱི་ཟླ་༢་པའི་ཚེས་༢༣་ཉིན་ཡུ་རོབ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཡུཀ་རེན་ལ་བཙན་འཛུལ་བྱུང་ནས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ལ་འཁྲུག་རྐྱེན་ཐེབས་པ་དེ་འདྲ་ཞིག་ས་གནས་གཞན་དུ་མ་ཐེབས། དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་བསམ་བློའི་ནང་དུ་ཨུ་རུ་སུ་ནི་མངའ་ཁུལ་དེའི་སྟོབས་ཤུགས་འགྲན་ཟླ་མེད་པ་དེ་ཡིན་པའི་འདུ་ཤེས་འཛིན་གྱི་ཡོད་ཀྱང་ཡུཀ་རེན་གྱི་དམག་འཁྲུག་གིས་ཏུར་ཀི་དང་རྒྱ་ནག ཨ་རི་དང་ཡུ་རོབ་མཉམ་འབྲེལ་སོགས་ཀྱིས་དབུས་ཨེ་ཤི་ཡར་ཤུགས་རྐྱེན་ཐེབས་ཐུབ་པའི་དུས་སྐབས་ཤིག་ཤར། ཁར་ཎི་གྷི་ལྟེ་གནས་ཀྱི་ཉམས་ཞིབ་པ་ཐེ་མུར་ཨུ་མ་རོབ་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གིས་ཨུ་རུ་སུར་འབྲེལ་བ་བཙུགས་ན་གྱོང་གུད་འབའ་ཞིག་ཡིན་པའི་བསམ་བློ་བཏང་བ་རེད། ཡིན་ནའང་ལོ་གཉིས་ཀྱི་དམག་འཁྲུག་རྗེས་སུ་ཨུ་རུ་སུའི་དཔལ་འབྱོར་མ་ཉམས། དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་ཨུ་རུ་སུར་བརྟེན་དགོས་པར་འགྱུར་བ་ཆེན་པོ་ཞིག་ཐེབས་མི་འདུག་ཅེས་བཀྲལ།།

གསར་འགོད་པ་ཁེ་རི་སི་རི་ཁེལ་ཊོན་གྱིས་༢༠༢༢་ལོའི་ཕྱི་ཟླ་༩་ནང་རྒྱ་ནག་གི་འགོ་ཁྲིད་ཞིས་ཅིན་ཕིང་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁ་ཛག་སི་ཐན་ལ་འཚམས་འདྲིར་བསྐྱོད། ཞིས་ཅིན་ཕིང་གིས་རྒྱལ་ཁབ་གང་ཞིག་གི་ནང་སྲིད་ལ་ཕྱི་ནས་ཐེ་ཇུས་བྱེད་ཀྱི་ཡོད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་ཨུ་རུ་སུ་དང་ནུབ་ཕྱོགས་གཉིས་ཀར་གོ་རྒྱུ་ཡོད་པའི་བརྡ་ཞིག་བཏང་ཞིང་། ལོ་དེར་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ལྔའི་འགོ་ཁྲིད་ཚོ་དང་ཨ་རིའི་སྲིད་འཛིན་བྷ་ཌན། འཇར་མན་ཎིའི་སྲིད་བློན་སོགས་ཐུག་བྱུང་བ་མ་ཟད། དེའི་རྗེས་སུ་ཧྥ་རན་སིའི་སྲིད་འཛིན་མེཀ་རོན་ཁ་ཛག་སི་ཐན་དང་ཨུ་ཛི་བྷེ་ཀི་སི་ཐན་གཉིས་ལ་འཚམས་འདྲིར་ཕེབས་པ་ནི་འགྱུར་ལྡོག་ཆེན་པོ་ཞིག་རེད། དབུས་ཨེ་ཤི་ཡ་རྒྱ་ནག་དང་ཨ་རི། ཡུ་རོབ་ཀྱི་ཤུགས་རྐྱེན་འོག་ཏུ་ཚུད་ཀྱི་ཡོད་པར་ཨུ་རུ་སུར་བློ་འཚབ་ཡོད་ཤས་ཆེ། དབུས་ཨེ་ཤི་ཡ་ནི་ཨུ་རུ་སུའི་ས་ཁམས་ཆབ་སྲིད་ལ་གནད་འགག་ཆེན་པོ་རེད་ཅེས་སྨྲས།།

ལོན་ཌོན་དཔལ་འབྱོར་སློབ་གྲྭ་ཆེན་མོའི་སྲིད་དོན་ཚན་རིག་པའི་སློབ་དཔོན་ཇུ་ལི་ཡ་སི་ཡེ་འོ་ར་ཏིས་རྒྱ་ནག་གིས་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ལྔའི་འགོ་ཁྲིད་ཚོ་གདན་འདྲེན་ཞུས་ནས་ཚོགས་འདུ་ཚོགས། དེའི་རྗེས་སུ་རྒྱ་ནག་དང་དབུས་ཨེ་ཤི་ཡའི་རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་ཚོང་ལས་རྒྱ་བསྐྱེད། ཡུཀ་རེན་གྱི་དམག་འཁྲུག་གིས་རྒྱ་ནག་ལ་རང་གི་ཤུགས་རྐྱེན་ཁྱབ་སྤེལ་གཏོང་བའི་དུས་ཚོད་ཅིག་བྱུང་སྟེ་དབུས་ཨེ་ཤི་ཡར་སྲིད་འབྱོར་རིག་གསུམ་གྱི་འབྲེལ་བ་བཙུགས། ཨུ་རུ་སུ་དང་རྒྱ་ནག་གཉིས་གནད་དོན་ཐམས་ཅད་ཀྱི་ཐོག་ཏུ་ལྟ་ཚུལ་གཅིག་པ་མིན་རུང་དབུས་ཨེ་ཤི་ཡར་ཨ་རི་དང་ཡུ་རོབ་ཀྱི་ཤུགས་རྐྱེན་ཐེབས་རྒྱུ་འགོག་འདོད་ཡོད་པ་གཅིག་མཚུངས་རེད། རྒྱ་ནག་གིས་དབུས་ཨེ་ཤི་ཡར་འབྲེལ་བ་ཡག་པོ་འཛུགས་ཐུབ་ཡོད་ཀྱང་ཨུ་རུ་སུར་རྒྱབ་སྐྱོར་བྱ་རྒྱུ་རྒྱུན་བསྲིངས དེས་ན་རྒྱ་ནག་གིས་དབུས་ཨེ་ཤི་ཡ་དང་འཛམ་གླིང་ཡོངས་སུ་བག་ཆགས་བཟང་པོ་ཞིག་འཇོག་ཐུབ་ཀྱི་མེད་པའི་གནས་ཚུལ་ཐོན་འདུག

གླེང་སྟེགས།

XS
SM
MD
LG