ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༩/༢༠

ཨིས་རེལ་གྱིས་ཨ་རིས་བཏོན་པའི་མེ་འཕེན་མཚམས་འཇོག་གྲོས་འཆར་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་གསུངས།


ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཐོ་ནི་བི་ལིན་ཀེན་
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཐོ་ནི་བི་ལིན་ཀེན་

མང་གཙོ་ཚོགས་པས་རེས་གཟའ་ཟླ་བ་ནས་ཨ་རིའི་གྲོང་ཁྱེར་ཅི་ཁ་གོའི་ནང་རྒྱལ་ཡོངས་འཐུས་མི་ལྷན་འཛོམས་དབུ་འཛུགས་གནང་བའི་སྐབས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཐོ་ནི་བི་ལིན་ཀེན་གྱིས་ཨིས་རལ་གྱིས་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་ཡོང་རྒྱུར་ཨ་རིས་བཏོན་པའི་གྲོས་འཆར་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག་པ་དང་། ཧ་མས་ཡིས་ཀྱང་གྲོས་འཆར་དེར་མོས་མཐུན་བྱེད་དགོས་ཀྱི་འདུག་ཅེས་གསུངས་འདུག དྲུང་ཆེ་བི་ལིན་ཀེན་གྱིས་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་ཡོང་རྒྱུར་ཨིས་རལ་ཐེ་བས་དཀྱིལ་ཤར་མངའ་ཁུལ་ལ་གཟིགས་སྐོར་གནང་བ་ད་རེས་ཐེངས་དགུ་པ་དེ་ཡིན་པ་རེད།

ད་ལམ་གྱི་གཟིགས་སྐོར་དེ་ནི། ཨ་རིའི་གྲོང་ཁྱེར་ཅི་ཁ་གོའི་ནང་མང་གཙོ་ཚོགས་པའི་རྒྱལ་ཡོངས་འཐུས་མི་ལྷན་འཛོམས་དབུ་འཛུགས་གནང་བཞིན་པའི་སྐབས་དེར་ཁ་ཆེ་གཙོ་བོར་གྱུར་བའི་མི་མང་ཁག་ཅིག་གིས་ཨ་རིས་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་བྱེད་དགོས་པ་དང་། ཨིས་རལ་ལ་གོ་ལག་མཁོ་སྤྲོད་བྱེད་རྒྱུ་མཚམས་འཇོག་བྱེད་དགོས་པ་སོགས་ཀྱི་དགོས་འདུན་འདོན་གྱི་ཡོད་པ་རེད།

དྲུང་ཆེ་བི་ལིན་ཀན་གྱིས་གཏམ་བཤད་དེ་རེས་གཟའ་ཟླ་བའི་ཉིན་ཨིས་རལ་གྱི་སྲིད་འཛིན་ཧར་ཛོག་དང་། སྲིད་བློན་ནེ་ཏན་ཡ་ཧུའི་ལྷན་དུ་ཕྱག་ཚོད་གཉིས་དང་ཕྱེད་ཀའི་རིང་བཀའ་གྲོས་གནང་རྗེས་གསུངས་པ་ཞིག་ཡིན་པ་དང་། ད་རིང་གཟའ་མིག་དམར་ཉིན་ཨི་ཇིབྚ་ལ་ཕེབས་འཆར་འདུག ཨ་རི་དང་། ཨི་ཇིབྚ། ཀ་ཏར་གསུམ་གྱིས་འདས་པའི་ཟླ་བ་མང་པོའི་རིང་གྷ་ཛའི་ནང་མེ་འཕེན་མཚམས་འཇོག་ཡོང་རྒྱུར་ཀ་ཏར་དང་ཨི་ཇིབྚ་གྱི་རྒྱལ་ས་ཀཡེ་རོར་བར་འདུམ་གྱི་གྲོས་མོལ་བྱས་ཡོད།

དྲུང་ཆེ་བི་ལིན་ཀེན་གྱིས་སྲིད་བློན་ནེ་ཏན་ཡ་ཧུའི་ལྷན་དུ་དོན་ཕན་ལྡན་པའི་བཀའ་མོལ་བྱས་ཡོད། ད་ཆ་ཧ་མས་ཡིས་ཨ་རིས་བཏོན་པའི་གྲོས་འཆར་དེར་མོས་མཐུན་བྱ་རྒྱུ་བསྡད་འདུག་ཅེས་གསུངས་འདུག རེས་གཟའ་ཟླ་བའི་ཉིན་གསར་འགོད་པ་ཚོར་བཀའ་མོལ་གནང་བའི་སྐབས་གསུངས་དོན་ལ་ ཧ་མས་ཡིས་གཏའ་མར་བཙན་ཉར་བྱས་པའི་བཙོན་པ་ཚོ་ཕྱིར་ལོག་ཡོང་རྒྱུ་དང་། གཏོར་སྐྱོན་ཆེ་བའི་ཟླ་བ་བཅུའི་དམག་འཁྲུག་དེའི་རྗེས་པེ་ལིས་ཐན་གྱི་མི་མང་ཚོར་ངལ་གསོ་ཐོབ་རྒྱུར་དམག་འཁྲུག་འདི་མཇུག་བསྒྲིལ་བྱ་རྒྱུའི་དུས་ལ་སླེབས་འདུག་ཅེས་གསུངས་པ་ཡིན་ཞེས་གསུངས་འདུག ད་ལམ་གྱི་གྲོས་མོལ་དེ་ཚོ་གྷ་ཛ་ས་ལུང་བཤོངས་ཀྱི་དམག་འཁྲུག་མཇུག་བསྒྲིལ་བྱ་རྒྱུའི་གོ་སྐབས་མཐའ་མ་དེ་རེད་ཅེས་གསུངས་ཏེ་ཨིས་རལ་དང་ཧ་མས་གཉིས་ཀར་ཉེན་བརྡ་བཏང་འདུག

དྲུང་ཆེ་བི་ལིན་ཀན་གྱི་གཟིགས་སྐོར་དེ་ནི། ཨིས་རལ་གྱིས་ཉེ་དུས་ཨི་རན་གྱི་རྒྱལ་ས་ཏེ་རཱན་ནང་ཧ་མས་འགོ་འཁྲིད་ཧ་ནི་ཡ་ལྐོག་བསད་བྱས་པ་དང་། ལེ་བྷ་ནན་གྱི་ཁ་ཆེའི་དྲག་སྤྱོད་ཤོག་ཁའི་འགོ་འཁྲིད་ཞིག་རྒྱལ་ས་བྷཻ་རཱུཊ་ནང་ལྐོག་བསད་བྱས་རྗེས་དཀྱིལ་ཤར་མངའ་ཁུལ་ནང་འཁོན་འཛིན་དེ་གཞི་རྒྱ་ཆེ་རུ་འགྲོ་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་དེ་ཞོད་འཇགས་ཐུབ་ཐབས་གནང་གི་ཡོད་པ་རེད།

ཨ་རི་དང་། ཨི་ཇིབྚ། ཀ་ཏར་གྱི་བཀའ་གྲོས་གནང་མཁན་ཚོས་བདུན་ཕྲག་སྔོན་མར་གསར་འགོད་པ་ཚོར་བཀའ་མོལ་གནང་སྐབས་ཨིས་རལ་གྱིས་གྷ་ཛ་ལུང་བཤོངས་ནང་དྲག་པོའི་རྒོལ་རྡུང་གཏོང་རྒྱུ་མཚམས་འཇོག་བྱ་རྒྱུ་དང་། ཨིས་རལ་གྱིས་བཙན་ཉར་བྱེད་བཞིན་པའི་པེ་ལིས་ཐན་གྱི་བཙོན་པ་མང་པོ་གློད་དཀྲོལ་གཏང་རྒྱུར་མོས་མཐུན་བྱས་ཡོད་པའི་གསལ་བསྒྲགས་བྱས་འདུག

འོན་ཀྱང་ཧ་མས་ཡིས་མེ་འཕེན་མཚམས་འཇོག་ཡོང་རྒྱུའི་གྲོས་མོལ་དེ་ཚོའི་ནང་ཡར་རྒྱས་བྱུང་སོང་ཞེས་གསུངས་པ་དེ་ནི་འཕྲུལ་སྣང་ཞིག་ཡིན་ལུགས་བཤད་འདུག ཧ་མས་ཡིས་མེ་འཕེན་མཚམས་འཇོག་བྱ་རྒྱུར་བཏོན་པའི་དགོས་འདུན་གཙོ་བོ་ནི། ཨིས་རལ་གྱིས་རང་ཉིད་ཀྱི་དམག་མི་ཚང་མ་གྷ་ཛ་ལུང་བཤོངས་ནས་ཕྱིར་འཐེན་བྱེད་དགོས་པ་དེ་ཡིན་པ་དང་། ཧ་མས་ཡི་དགོས་འདུན་འདིར་ཨིས་རལ་གྱིས་མོས་མཐུན་བྱེད་ཀྱི་མེད་པ་རེད།

རུའུ་ཀྲར་གསར་སྤེལ་ཁང་དང་ཨེ་ཨེཕ་པི་གསར་ཁང་ནས་བཏུས།

གསར་འགོད་པ། ཕུན་ཚོགས་ཚེ་རིང་།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG