ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༤/༠༩/༡༨

ཨ་རི་དང་ཨིན་ཇིའི་ཕྱི་སྲིད་དྲུང་ཆེ་གཉིས་ཡུཀ་རེན་ནང་ཕེབས་འབྱོར།


ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཐ་ནེ་ བྷི་ལེན་ཁེན་དང་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ཌེ་ཝེཌ།
ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཐ་ནེ་ བྷི་ལེན་ཁེན་དང་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ཌེ་ཝེཌ།

ཡུཀ་རེན་གྱིས་ཨུ་རུ་སུ་ལ་ཁ་གཏད་གདོང་ལེན་བྱེད་བཞིན་པའི་ནང་འཕེན་རྒྱང་རིང་བའི་མེ་ཤུགས་འཕུར་མདེལ་བེད་སྤྱོད་གཏོང་རྒྱུའི་འདོད་པ་ཤུགས་དྲག་བྱེད་ཀྱི་ཡོད་ཅིང་། དེ་ལྟར་བྱེད་ཆོག་པར་ཨ་རི་གཙོ་བོར་གྱུར་པའི་མཐུན་ཕྱོགས་ནུབ་ཕྱོགས་རྒྱལ་ཁབ་ཚོས་མོས་མཐུན་ཆོག་མཆན་ཐོབ་ཐབས་དགོས་ཀྱི་ཡོད། ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཐ་ནེ་ བྷི་ལེན་ཁེན་དང་དབྱིན་ཡུལ་གྱི་ཕྱི་སྲིད་དྲུང་ཆེ་ཌེ་ཝེཌ། ལེམྨེ་གཉིས་པོ་ལནཌ་ནས་མེ་འཁོར་ཐོག་ཚོུད་༩འི་འགྲུལ་བཞུད་བྱས་རྗེས་རེས་གཟའ་ལྷག་པའི་ཉིན་ཡུཀ་རེན་གྱི་རྒྱལ་ས་ཀིཝ་ནང་ཕེབས་འབྱོར་གནང་འདུག

ཡུཀ་རེན་གྱིས་འཕེན་རྒྱང་རིང་བའི་མེ་ཤུགས་འཕུར་མདེལ་འཕེན་གཏོང་མ་བྱས་པ་ཡིན་ཚེ་ཨུ་རུ་སུས་ཨི་རན་གྱིས་བཟོས་པའི་མེ་ཤུགས་འཕུར་མདེལ་དང་མི་མེད་གནམ་གྲུ་བཅས་ཀྱིས་ཡུཀ་རེན་གྱི་ས་ཕྱོགས་གང་སར་གཏོར་རྒོལ་འཚབ་ཆེ་བཏང་དང་གཏོང་ཉེན་ཡོད་པ་གསལ་འདོན་བྱས་ཡོད་པ་བཞིན་ད་རེས་ཡུཀ་རེན་གྱི་སྲིད་བློན་ཌེ་ནིསེ་ཤ་མེ་ཧལ་གྱིས་ཨིན་ཇིའི་ཕྱི་སྲིད་དྲུང་ཆེ་ལེམྨེའི་ལྷན་དུ་བཀའ་མོལ་བྱུང་བའི་སྐབས་སུ་ཨུ་རུ་སུར་ཕར་རྒོལ་བྱ་རྒྱུར་འཕེན་རྒྱང་རིང་བའི་མེ་ཤུགས་འཕུར་མདེལ་དགོས་ངེས་ཆགས་ཡོད་པར་བརྟེན་ལས་དོན་དེའི་ཐོག་རོགས་རམ་དང་རྒྱབ་སྐྱོར་གནང་བའི་རེ་བ་ཡོད་ཅེས་ཞུས་འདུག ཁོང་གིས་ཚོགས་འཛོམས་དེ་ཧ་ཅང་རྣོ་ངར་ཅན་ཞིག་བྱུང་སོང་ཞེས་གསུངས་པ་ལས་ཞིབ་ཁྲ་གང་ཡང་གསལ་བཤད་གནང་མི་འདུག

ཡུཀ་རེན་གྱི་སྲིད་བློན་ཤ་མཱེ་ཧལ་གྱིས་གཟའ་མིག་དམར་ཉིན་གསར་འགོད་ལྷན་ཚོགས་ཤིག་བསྐྱངས་སྐབས་སུའང་ཡུཀ་རེན་ལ་གོ་ཚོན་དེ་རིགས་བེད་སྤྱོད་བྱ་རྒྱུའི་མོས་མཐུན་ཐོབ་ཚེ་དགྲ་བོར་ཁ་གཏད་ཚ་ནན་བྱས་ཏེ་ཞི་བའི་མི་མང་དང་བུ་ཕྲུག་སོགས་བདེ་འཇགས་སྲུང་སྐྱོབ་ལེགས་པར་བྱེད་ཐུབ་ཀྱི་རེད་ཅེས་བརྗོད་འདུག ད་རེས་ཨ་རི་དང་ཨིན་ཇིའི་ཕྱི་སྲིད་དྲུང་ཆེ་རྣམ་པ་གཉིས་ཡུཀ་རེན་ལ་ལྷན་རྒྱསུ་འཚམས་གཟིགས་ལ་ཕེབས་པའི་སྐབས་འདི་ནི་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལེན་སི་ཀི་ཡིས་ནུབ་ཕྱོགས་པས་ཡུཀ་རེན་ལ་གཏོར་ཤུགས་ཀྱི་ནུས་པ་ཆེ་བའི་གོ་མཚོན་རོགས་རམ་འབོད་སྐུལ་ཞུས་པ་མ་ཟད། གོ་ཚོན་དེ་དག་བེད་སྤྱོད་བྱེད་ཕྱོགས་ལ་བཏང་འཛིན་དམ་བསྒྲགས་ཇེ་ཉུང་དུ་གཏོང་རོགས་ཞེས་སྐུལ་མ་ནན་ཏན་ཞུས་པ་དང་དུས་མཉམ་ཡིན་པ་རེད།

དེའི་བར་ན་འདི་ག་ཨ་རིའི་རྒྱལ་སའི་ཝ་ཤིན་ཀྲན་ནང་སྲིད་འཛིན་ཇཱོ་ བྷའི་ཌན་ལ་ ཡུཀ་རེན་ནས་ཨུ་སུ་རུའི་ཐོག་འཕེན་རྒྱང་རིང་བའི་གོ་ཚོན་བེད་སྤྱད་དེ་གཏོར་རྒོལ་བྱ་རྒྱུར་མོས་མཐུན་གནང་གི་ཡོད་མེད་བཀའ་འདྲི་ཞུས་པར་ཁོང་གིས་གནད་དོན་དེའི་ཐོག་ང་ཚོ་ལས་ཀ་བྱེད་བཞིན་པ་ཡིན་ཞེས་གསུངས་འདུག ཡང་གནས་ཚུལ་ཐོན་པར་གཞིགས་ན་ཨིན་ཇིའི་སྲིད་བློན་ཁེར་ སེ་ཌ་མར་རེས་གཟའ་པ་སངས་ཉིན་ཨ་རིའི་རྒྱལ་སར་ཆེད་ཕེབས་གནང་སྟེ་སྲིད་འཛིན་ཇཱོ་བྷའི་ཌན་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་དང་། སྐབས་དེར་ཡུཀ་རེན་ལ་འཕེན་རྒྱང་རིང་བའི་མེ་ཤུགས་འཕུར་མདེལ་བེད་སྤྱོད་གཏོང་འཐུས་ཆོག་མིན་གྱི་གནད་དོན་དེ་གླེང་རྒྱུ་ཡིན་པའི་སྔོན་དཔག་བྱེད་ཀྱི་འདུག དེ་ལྟར་ཡིན་ནའང་་ཨུ་རུ་སུའི་གཞུང་གིས་གལ་ཏེ་ཝ་ཤིང་ཀྲན་གྱིས་ཡུཀ་རེན་ནས་གོ་མཚོན་བེད་སྤྱོད་བྱེད་ཕྱོགས་ལ་དམ་བསྒྲགས་ཆུང་དུ་བཏང་བ་ཡིན་ན་ཨུ་རུ་སུས་འོས་ཤིང་འཚམས་པའི་ལན་འདེབས་བྱ་རྒྱུ་ཡིན་ཞེས་བརྗོད་ཡོད་པ་རེད།

ཨེ་པི་དང་ཨེ་ཨེཔ་པི་གསར་ཁང་ནས་བཏུས།

གསར་འགོད་པ། པདྨ་བདེ་ཆེན།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG