ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༩/༡༩

བྷའི་ཌན་གྱིས་ཆེས་མཐོའི་ཁྲིམས་དཔོན་ཚོའི་ལས་ཡུན་ལ་ཚད་བཀག་བཟོ་རྒྱུའི་ཁྲིམས་འཆར་ལ་དགོངས་པ་ནན་པོ་བཞེས་ཀྱི་ཡོད།


ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཕྱི་རོལ་དུ།
ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཕྱི་རོལ་དུ།

ཨ་རིའི་ནང་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཚོས་གནང་ཕྱོགས་ལ་མང་ཚོགས་ཁྲོད་དུ་བློ་འཚབ་བྱེད་མཁན་ཇེ་མང་དུ་འགྲོ་བའི་སྐབས་འདིར་སྲིད་འཛིན་ཇོ་བྷའི་ཌན་གྱིས་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་གི་ཁྲིམས་དཔོན་ཚོའི་ལས་ཡུན་ལ་ཚད་བཀག་བཟོ་རྒྱུ་དང་ཁྲིམས་དཔོན་ཚོའི་བླང་དོར་ཀུན་སྤྱོད་ཀྱི་སྒྲིག་གཞི་གཅིག་གཏན་འབེབས་གནང་རྒྱུ་དོ་གལ་ཆེན་པོ་ཡིན་པའི་ཐུགས་བསམ་ནན་པོ་བཞེས་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག སྲིད་འཛིན་བྷའི་ཌན་གྱིས་དེ་ལྟར་ཁྲིམས་འཆར་འདོན་རྒྱུར་དགོངས་པ་བཞེས་ཀྱི་ཡོད་པ་དེ་གཏན་འབེབས་བྱུང་ཚེ། དེས་ཆེས་མཐོའི་ཁྲིམས་དཔོན་རྣམས་ཀྱིས་ཁྲིམས་ལུགས་ལ་བརྩི་བཀུར་མ་ཞུས་ཀ་མེད་ཆགས་རྒྱུ་ཡིན་སྐོར་སྲིད་འཛིན་བྷའི་ཌན་གྱིས་གྲོས་གནང་ཡུལ་མི་སྣ་གསུམ་གྱིས་ཝ་ཤོན་ཌོན་པོསྜ་ལ་འགྲེལ་བརྗོད་བྱས་འདུག

དེ་ནི་སྲིད་འཛིན་བྷའི་ཌན་གྱིས་དགོངས་པ་བཞེས་ཕྱོགས་ལ་འགྱུར་བ་ཆེན་པོ་ཕྱིན་པའི་མཚོན་རྟགས་ཤིག་ཡིན། གང་ལགས་ཞེ་ན། དེ་སྔ་བྷའི་ཌན་གྱིས་གྲོས་ཚོགས་གོང་མའི་ཁྲིམས་དོན་ཚོགས་ཆུང་གི་ཚོགས་གཙོ་གནང་སྐབས་ཆེས་མཐོའི་ཁྲིམས་ཁང་གི་འགྲོ་ལུགས་ལ་བསྐྱར་བཅོས་བྱ་རྒྱུར་དགག་པ་ཤུགས་ཆེར་གནང་མཁན་ཞིག་ཡིན་མོད། འོན་ཀྱང་བྷའི་ཌན་གྱིས་སྲིད་འཛིན་གྱི་གོ་གནས་བཞེས་པ་ནས་བཟུང་ཆེས་མཐོའི་ཁྲིམས་ཁང་གིས་ཨ་རིའི་རྩ་ཁྲིམས་ཀྱི་ཡོངས་བསྒྲགས་འགྲེལ་བཤད་དོར་ནས་ཐག་གཅོད་གནང་གི་ཡོད་པ་དེར་སྐྱོན་བརྗོད་གནང་མཁན་ལ་གྱུར་ཡོད།

གཞི་རྐང་བསྒྱུར་བཅོས་ག་འདྲ་ཞིག་གཏང་དགོས་ཀྱང་དེར་གྲོས་ཚོགས་ཀྱིས་མོས་མཐུན་ཆོག་མཆན་ཐོབ་དགོས་ཀྱི་ཡོད་པར་བརྟེན་ལམ་ལྷོང་ཡོང་དཀའ་བ་རེད། རྒྱུ་མཚན་ནི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་ཚོགས་པ་གཉིས་ཀྱི་འཐུས་མི་གདན་གྲངས་གཅིག་མཚུངས་ཆགས་ཡོད། ལྷག་པར་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་མི་ཌོ་ནོལ་ཊམ་གྱིས་ཆེས་མཐོའི་ཁྲིམས་ཁང་ནང་ཁྲིམས་དཔོན་གསུམ་བསྐོ་བཞག་བྱེད་ཐུབ་པར་སྤོབས་པ་ཆེན་པོ་གནང་གི་ཡོད་ཅིང་། ད་ལྟའི་ཆར་ཆེས་མཐོའི་ཁྲིམས་ཁང་ནང་རྙིང་ཞེན་སྤྱི་མཐུན་ཚོགས་པའི་ཁྲིམས་དཔོན་གྱི་གྲངས་འབོར་མང་བ་ཡོད།

སྲིད་འཛིན་བྷའི་ཌན་གྱིས་ཆེས་མཐོའི་ཁྲིམས་ཁང་ལ་བསྒྱུར་བཅོས་གཏོང་དགོས་པའི་དགོངས་འཆར་གྱིས་འོས་འཕེན་པ་རྣམས་ལ་གཡོ་འགུལ་ཐེབས་རྒྱུར་ཕན་ཐོགས་ཡོང་སྲིད། དེ་དང་ཕྱོགས་མཚུངས་ཕྱི་ལོ་༢༠༢༡ཕྱི་ཟླ་དང་པོའི་ཚེས་༦ཉིན་སྲིད་འཛིན་ཟུར་པ་ཌོ་ནོལ་ཀྲམ་ལ་རྒྱབ་སྐྱོར་བྱེད་མཁན་ཚོས་ཨ་རིའི་གྲོས་ཚོགས་ནང་འཛུལ་ཏེ་དྲག་ཟིང་གི་བྱ་སྒོ་སྤེལ་བའི་ནང་སྲིད་འཛིན་ཟུར་པ་ཀྲམ་ཐེ་བྱུས་ཡོད་པའི་ཉེས་འཛུགས་ལ་ཆེས་མཐོའི་ཁྲིམས་ཁང་གིས་སྲིད་འཛིན་ཞིག་ལ་ཉེས་འཛུགས་བྱ་རྒྱུ་མེད་པའི་ཉེས་པ་ཆག་ཡང་བཏང་བ་ལྟར། དེ་འདྲ་མ་འོངས་པར་མི་ཡོང་བའི་ཆེད་རྩ་ཁྲིམས་ལ་བསྐྱར་བཅོས་བྱེད་དགོས་པའི་དགོངས་འཆར་གནང་རྒྱུར་སྲིད་འཛིན་བྷའི་ཌན་གྱིས་ཐུགས་བསམ་བཞེས་ཀྱི་ཡོད་པ་རེད།

ཡང་ལོ་བཅུ་ཕྲག་འགའ་ཤས་རིང་རྩ་ཁྲིམས་ནང་གསལ་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་བུད་མེད་ཀྱི་མངལ་ནས་ཕྲུ་གུ་འདོན་ཆོག་པའི་ཐོབ་ཐང་དེ་ཡང་ཉེ་དུས་ཆེས་མཐོའི་ཁྲིམས་ཁང་གིས་མེད་པ་བཟོས་པ་དང་། དེ་བཞིན་ཨ་རིའི་གཞུང་གི་ལས་ཁུངས་ཁག་གི་ལས་དོན་སྤེལ་ཕྱོགས་ཐད་ལ་ཡང་འགོག་རྐྱེན་བཟོས་ཡོད་པ་མ་ཟད། ཁྲིམས་དཔོན་ཀི་ལ་རནྶ་ ཐོ་མས་ཡིས་སྤྱི་མཐུན་ཚོགས་པར་ཞལ་འདེབས་སྤྲོད་མཁན་མི་སྣ་ནས་རྒྱས་སྤྲོས་ཅན་གྱི་འགྲུལ་བཞུད་བྱ་རྒྱུའི་མཐུན་འགྱུར་རོགས་རམ་ལེན་པ་སོགས་ཁྲིམས་དཔོན་རྣམ་པའི་ཀུན་སྤྱོད་ཐད་ལ་ཡང་འདྲི་རྩད་བྱེད་མཁན་མང་དུ་སོང་བ་བཅས་ཀྱིས་་སྲིད་འཛིན་བྷའི་ཌན་གྱིས་ཆེས་མཐོའི་ཁྲིམས་ཁང་ནང་བསྒྱུར་བཅོས་དེ་གཏོང་རྒྱུའི་ཐུགས་བསམ་བཞེས་ཀྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཨེ་པི་གསར་ཁང་ནས་གནས་ཚུལ་བཏུས།

གསར་འགོད་པ། ཀུན་བཟང་སྒྲོལ་མ།

ཞུ་དག་རྩོམ་སྒྲིག་པ། རྣམ་རྒྱལ་ཤཱསྟྲཱི།

གླེང་སྟེགས།

XS
SM
MD
LG