ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༡༢/༢༧

བྷ་ཌན་གྱིས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱ་སྲིད་པའི་ཉེན་ཁ་ཆུང་དུ་འགྲོ་བཞིན་འདུག་ཅེས་བརྗོད།


རྒྱ་གར་ནང་སྐོང་འཚོགས་གནང་བའི་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་གྲོལ་རྗེས་སུ། ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་ཝེ་ཏི་ནམ་ལ་འཚམས་འདྲིར་ཕེབས་ཡོད་པ་དང་། ལྷན་ཚོགས་ཀྱི་སྐབས་སུ་ཁོང་དང་རྒྱ་ནག་གི་སྲིད་བློན་ལི་ཆང་དང་མཇལ་འཕྲད་བྱུང་ཡོད་ཅིང་། སྐབས་དེར་གསར་འགོད་པས་ཁོང་ལ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་དང་མཇའ་འཕྲད་མ་བྱུང་བར་ད་ལྟ་ཕན་ཟླ་བ་བཅུ་ལྷག་འགོར་གྱི་ཡོད་པའི་ཐད་བཀའ་འདྲི་ཞུ་གནང་སྐབས། ད་ཆ་རྒྱ་ནག་ལ་དཔལ་འབྱོར་གྱི་དཀའ་ངལ་གྱི་རྐྱེན་པས་རྒྱ་ནག་གི་འགོ་ཁྲིད་ལ་ལས་བྲེལ་ཆེན་པོ་ཆགས་འདུག་ཅེས་གསུངས་འདུག།

རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་ད་ལན་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཐོག་མཉམ་ཞུགས་བྱས་མེད་པའི་ཐད་ད་ཕན་རྒྱུ་མཚན་ཅི་ཡིན་གསལ་བཤད་གང་ཡང་བྱས་མེད་པ་དང་། མི་ཚོས་མ་འོངས་པར་ཨ་རི་དང་རྒྱ་ནག་གི་འགོ་ཁྲིད་བར་ཐུག་འཕྲད་བྱེད་པའི་གོ་སྐབས་ཡག་ཤོས་དེ་སྤྱི་ཟླ་༡༡ པའི་ནང་ཨ་རིའི་གྲོང་ཁྱེར་སན་ཧྥུ་རན་སེ་སི་ཁོའི་San Francisco ནང་སྐོང་འཚོགས་གནང་འཆར་ཡོད་པའི་ཨེ་ཤེ་ཡ་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ལྷན་ཚོགས་སྐབས་སུ་ཡིན་པ་ངོས་འཛིན་གནང་གི་ཡོད་པ་རེད།

༢༠༢༢ ལོའི་སྤྱི་ཟླ་༡༡ པའི་ནང་ཨིན་རྡུ་ནེ་ཞེ་ཡའི་བྷ་ལི་གླིང་ཕྲན་དུ་སྐོང་འཚོགས་གནང་བའི་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ཀྱི་རྗེས་སུ་སྲིད་འཛིན་བྷ་ཌན་མཆོག་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་རྣམ་གཉིས་བར་བཀའ་མོལ་བྱུང་མེད་པ་རེད། སྐབས་དེའི་མཇལ་འཕྲད་ཀྱིས་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་ཡར་རྒྱས་འགྲོ་རྒྱུར་སྐུལ་མ་ཅུང་ཙམ་བཏང་ཐུབ་ཡོད་ཀྱང་། དེའི་རྗེས་སུ། ཐེ་ཝན་གྱི་གནད་དོན་དང་། ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་གྱི་རྩོད་རྙོག། ཚོང་ཟོག་ཕྱིར་གཏོང་བྱེད་ཕྱོགས་སོགས་ཐེ་བའི་ཛ་དྲག་གི་གནས་སྟངས་གསར་པ་ཞིག་གི་ཕྱོགས་སུ་གོམ་པ་སྤོ་འགོ་ཚུགས་ཡོད་པ་རེད།

ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་གིས། རྒྱ་ནག་ལ་ད་ལྟའི་ཆར་དཔལ་འབྱོར་ལ་དཀའ་ངལ་འཕྲད་བཞིན་པར་རྒྱུ་དང་རྐྱེན་སྣ་ཚོགས་ཤིག་ཡོད་པ་དང་། རྒྱུ་རྐྱེན་དེ་ཚོ་རྒྱལ་སྤྱིའི་དགོས་མཁོའི་འཕར་ཆག་དང་། རྒྱ་ནག་གིས་རྒྱལ་སྤྱིའི་སྒྲིག་སྲོལ་ལ་བརྩི་སྲུང་བྱེད་མིན་བཅས་དང་འབྲེལ་བ་ཡོད་པ་ཞིག་རེད་ཅེས་དང་། དེ་བཞིན་ཁོང་གིས་རེས་གཟའ་ཉི་མའི་ཉིན་ཝེ་ཏི་ནམ་གྱི་རྒྱལ་ས་ཧྭ་ནཱོ་ Hanoi ལ་སྤེལ་བའི་གསར་འགོད་ལྷན་ཚོགས་སུ། ངས་བྱས་ན་རྒྱུ་རྐྱེན་དེ་དག་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་པའི་རྐྱེན་ཆགས་ཀྱི་མ་རེད་བསམ་གྱི་འདུག། དོན་དམ་ལ་དེ་ལས་ཏག་ཏག་ལྡོག་སྟེ། སྔོན་མ་ནང་བཞིན་གྱི་སྟོབས་ཤུགས་མེད་པ་ཆགས་རྒྱུ་རེད་ཅེས་གསུངས་འདུག།

ཨ་རིར་བཅའ་སྡོད་ཐེ་ཝན་གྱི་ཆེས་མཐོའི་སྐུ་ཚབ་ཤའོ་མེ་ཆིང་ལགས་ཀྱིས་རེས་གཟའ་པ་སངས་ཉིན། བྷུ་ལོམ་བྷེར་གྷི་Bloomberg གསར་ཁང་གི་བཅར་འདྲི་དང་ལེན་གནང་སྐབས་སུ་གསུངས་དོན་བྱས་ན། རྒྱ་ནག་གི་དཔལ་འབྱོར་འཕེལ་ཤུགས་དལ་དུ་ཆགས་པ་དེ་ཧ་ལས་དགོས་པ་ཞིག་རེད་ཅེས་དང་། འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པར་འགྱུར་བ་ཐེབས་པའི་རྐྱེན་ལས་བྱུང་བའི་ཤུགས་རྐྱེན་དེ་ཐེ་ཝན་ལ་ལས་སླ་པོ་ཐེབས་མི་ཐུབ་པ་ཆགས་ཡོད་ཅེས་གསུངས་ཡོད་པ་རེད།

དེ་བཞིན་དུ་ཡང་ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་གིས་ད་དུང་འཛམ་གླིང་གི་དཔལ་འབྱོར་གྱི་གཞི་གྲུབ་ཆེ་ཤོས་གཉིས་བར་ལག་རྩལ་ཡར་རྒྱས་ཀྱི་ཐད་བློ་སྟོབས་གང་རྒྱས་བྱེད་བཞིན་པའི་རྐྱེན་གྱིས་འབྲེལ་ལམ་ཛ་དྲག་ཆགས་བཞིན་ཡོད་པའི་སྐོར་ཡང་གླེང་སློང་གནང་འདུག། སྲིད་འཛིན་བྷ་ཌན་མཆོག་གིས་ངས་རྒྱ་ནག་ལ་སྟོབས་ཤུགས་རྒྱས་ཐུབ་པ་དང་རྡུལ་ཕྲན་མཚོན་ཆ་དེ་ལས་མང་བ་བཟོ་བྱེད་དང་། རྒྱལ་སྲུང་གི་ནུས་སྟོབས་ལ་འབྲེལ་བ་ཡོད་པའི་རྒྱུ་ཆ་གང་ཡང་བཙོང་གི་མིན་ཞེས་གསུངས་འདུག།

རྒྱ་ནག་གིས་གཞུང་གིས་གཉེར་བཞིན་པའི་གཞུང་འབྲེལ་ཁེ་ལས་ཁག་གི་ནང་ཀུ་ཤུའི་ཁ་པར་བེད་སྤྱོད་ལ་བཀག་སྡོམ་བྱེད་བཞིན་པ་དེ་ཀུ་ཤུ་བཟོ་ཚོང་ཁང་ལ་མཚོན་ན་རྡུང་བརྡེག་ཕོག་པ་ལྟ་བུ་ཞིག་ཡིན་པར་མ་ཟད། དེ་སྔོན་རྒྱ་གཞུང་གི་ལས་བྱེད་ཚོས་ཀུ་ཤུའི་ཁ་པར་བེད་སྤྱོད་གཏོང་མི་ཆོག་པའི་སྟངས་འཛིན་གྱི་ཁྱབ་ཁོངས་རྒྱ་ཇེ་ཆེར་བཏང་བ་ཞིག་ཀྱང་ཆགས་ཀྱི་ཡོད་པ་རེད། ༢༠༡༧ ལོར་ཨ་རིས་ཁྲིམས་ཤིག་བཟོས་ཏེ། ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱི་དྲ་ལམ་ཁག་ཅིག་ལ་ཧྭ་ཝེ་བཟོ་ཚོང་ཁང་དང་ཀྲུང་ཤིན་中兴བརྡ་འཕྲིན་བཟོ་ཚོང་ཁང་གི་སྒྲིག་ཆས་བེད་སྤྱོད་གཏོང་མི་ཆོག་པའི་ཚོད་འཛིན་ཞིག་བྱས་ཡོད་པ་རེད།

ཉེ་ལམ་རྒྱ་ནག་གིས་འཇམ་ཐིང་ངེར་སོ་སོས་ལྐོག་ནས་ཨ་རིས་བཀག་སྡོམ་བྱེད་བཞིན་པའི་ལག་རྩལ་རིགས་ཤིག་བེད་སྤྱོད་ཀྱིས་ཁ་པར་གསར་པ་ཞིག་བཏོན་དེ་ཨ་རིས་གློག་ཉིང་ཆི་ལེབ་བཀག་སྡོམ་ལ་དོན་ཕན་ལྡན་པའི་ནུས་པ་འདོན་ཐུབ་ཀྱི་མེད་པའི་དོགས་པ་སྐྱེས་སུ་བཅུག་ཡོད་པ་རེད། གནས་སྟངས་དེ་འདྲའི་འོག་ནས་ཏག་ཏག་ཨ་རིའི་ཚོང་དོན་འགན་འཛིན་ལྗི་ནཱ་རའེ་མོན་དྷོ་Gina Raimondo ལགས་རྒྱ་ནག་ལ་འཚམས་འདྲིར་ཕེབས་ནས་ཕྱིར་འཁོར་བའི་སྐབས་དང་འཁེལ་ཡོད་པ་དང་། སྲིད་འཛིན་བྷ་ཌན་མཆོག་རྒྱ་གར་དུ་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་སུ་ཕེབས་པའི་སྐབས་དང་ཡང་འཁེལ་གྱི་ཡོད་པའི་རྒྱུ་མཚན་གྱིས་གནས་དུས་ཚོད་རྩིས་ལྟ་བུའི་རྐྱེན་དེ་དག་ལས་ཉེ་ཆར་ཨ་རིས་རྒྱལ་ཁབ་གཉིས་བར་གྱི་འབྲེལ་ལམ་འཕར་ཆག་ཤུགས་ཆེ་མི་འགྲོ་བའི་འབད་བརྩོན་གང་གནང་བ་ཐམས་ཅད་ལ་དོ་ཕོག་ཕེབས་ཏེ་ཆུད་ཟོས་སུ་གཏོང་བའི་ཉེན་ཁ་ཡོད་པ་རེད།

ད་ལན་ཝེ་ཐི་ནམ་ནང་གི་གསར་འགོད་ལྷན་ཚོགས་སུ་ཨ་རིའི་སྲིད་འཛིན་བྷ་ཌན་མཆོག་གིས། ཉེ་ལམ་རྒྱ་ནག་ནང་དཔལ་འབྱོར་ཉམས་ཆག་འགྲོ་བཞིན་ཡོད་པ་དེས། རྒྱ་ནག་དམར་ཤོག་གཞུང་གིས་ཐེ་ཝན་ལ་བཙན་འཛུལ་བྱ་སྲིད་པའི་ཉེན་ཁ་ཆུང་དུ་ཕྱིན་ཡོད་པའི་གཟིགས་ཚུལ་གསུངས་ཡོད་པ་དང་། ད་ཐེངས་ཞི་ཅིང་ཕིང་རྒྱལ་ཁབ་ཉི་ཤུའི་ལྷན་ཚོགས་ལ་མ་བཅར་བའི་ཐད། དཔལ་འབྱོར་གྱི་དཀའ་ངལ་གྱི་རྐྱེན་པས་རྒྱ་ནག་གི་འགོ་ཁྲིད་ལ་བྲེལ་བ་ཚ་པོའི་གནས་སྐབས་ཤིག་འཁེལ་འདུག་ཅེས་གསུངས་ཡོད་པ་རེད།

XS
SM
MD
LG